དངོས་ཟོག་དབོར་ཚད་ཚད་སྒམ་ཁྲི་9.8ལས་བརྒལ་བ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་24ཉིན། 13:38】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་21ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར། ཚེས་21ཉིན་གྱི་ཆུ་ཚོད་3དང་སྐར་མ་55ཙམ་ལ་རླངས་འཁོར་གྱི་ལྷུ་ལག་དང་LEDའཆར་ཤེལ་སོགས་དངོས་ཟོག་བྱུར་པོར་བླུགས་པའི་ལམ་ཐག་ཧྲིལ་པོའི་དུས་ཚོད་རེའུ་མིག་ལས་མངོན་པར་ཀྲུང་ཡོའི་དུས་གཏན་མེ་འཁོར་གཏོང་ཐེངས་X8155(ཤིས་ཨན་ནས་ཏུའུ་དབྱི་སི་པའོ་བར)ཤིས་ཨན་རྒྱལ་སྤྱིའི་གྲུ་ཁའི་བབས་ཚུགས་ནས་དལ་བུར་ཐོན་པ་དང་བསྟུན་ནས། ལམ་ཐག་ཧྲིལ་པོའི་དུས་ཚོད་རེའུ་མིག་ལས་མངོན་པར་ཀྲུང་ཡོའི་དུས་གཏན་མེ་འཁོར་གཏོང་ཚད་རིམ་རྩིས་བརྒྱབ་ན་1000ལྷག་ཙམ་ཟིན་པ་དང་། ཀྲུང་གོ་ལྕགས་ལམ་དང་ལམ་རྒྱུད་རྒྱལ་ཁབ་ཁག་གི་ལྕགས་ལམ་སྡེ་ཚན་གྱིས་ཐུན་མོང་ཐོག་བཏོན་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་ཐོན་རྫས་གསར་པའི་སྐྱེལ་འདྲེན་དུས་ཚོད་བརྟན་པོ་ཡོད་པ་ལས་རྒྱལ་ཁབ་ཕྱི་ནང་གི་མཁོ་མཁན་གྱི་དགའ་བསུ་དང་ཁྲོམ་རའི་ཁས་ལེན་ཐོབ་ཡོད་པ་རེད།
རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཟོག་འདྲེན་པུའུ་ཡི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ལམ་ཐག་ཧྲིལ་པོའི་དུས་ཚོད་རེའུ་མིག་ལས་མངོན་པར་ཀྲུང་ཡོའི་དུས་གཏན་མེ་འཁོར་ཞེས་པ་ནི་ལམ་རྒྱུད་རྒྱལ་ཁབ་ཁག་གི་ལྕགས་ལམ་གྱིས་གྲོས་ཐག་བཅད་པའི་མེ་འཁོར་གྱི་ཐེངས་གྲངས་དང་། ལམ་ཐིག གཏོང་དུས་བཅས་དང་དེ་བཞིན་གཏན་འཁེལ་གྱི་རྒྱལ་ཁབ་ཕྱི་ནང་ནས་ཐོན་འགོ་ཚུགས་པ་དང་། འགག་སྒོ འབྱོར་བའི་དུས་ཚོད་བཅས་གཞིར་བཟུང་ནས་གཏོང་བའི་ཀྲུང་ཡོའི་དུས་གཏན་མེ་འཁོར་ལ་ཟེར་བ་དང་། དེ་ཀྲུང་གོའི་དུམ་བུ་དང་། ཞེང་ཆེན་ལྕགས་ལམ་དུམ་བུ། ཡོ་རོབ་ཀྱི་དུམ་བུ་བཅས་ཀྱི་ཀྲུང་ཡོའི་དུས་གཏན་མེ་འཁོར་འཁོར་སྐྱོད་དུས་ཚོད་རེའུ་མིག་ཁྱབ་ནས་2022ལོའི་ཟླ་10ཚེས་26ཉིན་མེ་འཁོར་དང་པོ་དེ་གཏོང་འགོ་ཚུགས་པ་རེད།
ལམ་ཐག་ཧྲིལ་པོའི་དུས་ཚོད་རེའུ་མིག་ལས་མངོན་པར་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱིས་འོད་ཤུགས་ཤེལ་ལེབ་དང་། ཉི་ནུས་ལྷུ་ལག གྲུ་གཟིངས་ཀྱི་ནང་འབར་འཕྲུལ་འཁོར་གྱི་ལྷུ་ལག་སོགས་ཟུར་སྣོན་རིན་ཐང་མཐོ་བའི་ཚོང་ཟོག་འབོར་ཆེན་དབོར་ནས་ཆ་སྙོམས་སྒམ་རེའི་ཚོང་ཟོག་རིན་ཐང་དུས་གཏན་མེ་འཁོར་གཞན་དག་ལས་41%ཙམ་གྱིས་མཐོ་བ་དང་བསྐུར་བའི་དངོས་ཟོག་རིམ་རྩིས་བརྒྱབ་ན་ཚད་སྒམ་ཁྲི་9.8ལྷག་ཙམ་ཟིན་ཡོད་པ་རེད།