འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་24ཉིན།

༄༅།།“ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་ལྗོངས་ཀྱིས་ཞིང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་ལས་གྲྭ་ཁག་2948ལག་ལེན་བསྟར་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་24ཉིན། 13:36】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་ནས་ཤེས་རྟོགས་བྱས་པར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་རང་ལྗོངས་ཀྱིས་ཞིང་འབྲོག་ཁུལ་གྱི་ཆུ་མཁོ་འདོན“3+1”གི་ཚད་ལྡན་ཅན་འཛུགས་སྐྲུན་དང་བདག་སྐྱོང་བྱེད་སྟངས་ཁྱབ་གདལ་ཧུར་ཐག་བཏང་སྟེ། ཞིང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་འགན་སྲུང་གི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ་དང་གྲོང་གསེབ་དར་རྒྱས་ཡོང་བར་ཆུ་བེད་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད། གྲོང་གསེབ་དར་རྒྱས་སོགས་ཀྱི་ཐབས་ལམ་སྣ་མང་བརྒྱུད་རིམ་རྩིས་བརྒྱབ་ན་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་37.7དོན་འཁྱོལ་བྱས་པ་དང་ཞིང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་ལས་གྲྭ་ཁག་2948ལག་ལེན་བསྟར་ཏེ་ཞིང་འབྲོག་ཁུལ་གྱི་མི་འབོར་ཁྲི་102.55ཡི་ཆུ་མཁོ་འདོན་འགན་སྲུང་གི་ཆུ་ཚད་གྲུབ་འབྲས་ཐོབ་པའི་ངང་སྲ་བརྟན་དང་མཐོ་རུ་བཏང་བ་རེད།

    ལས་གྲྭ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་ཆུ་མཁོ་འདོན་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཞིང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་རང་ལྗོངས་ཀྱིས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཡར་སྟོད་ཤང་གི་གཞི་ཁྱོན་ཆེ་བའི་ཆུ་མཁོ་འདོན་དང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་ཤང་གི་གཞི་ཁྱོན་ཆེ་བའི་ཆུ་མཁོ་འདོན། སྙེ་མོ་རྫོང་དར་རོང་གྲོང་རྡལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་གཞི་གཅིག་ཅན་གྱི་སྣུར་སྲིང་སོགས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭ་རབ་དང་རིམ་པ་གཙོ་གནད་དུ་བསྐྲུན་ཡོད། དེ་དང་ཆབས་ཅིག ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་དང་། ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་སྤོམ་མདའ་གྲོང་རྡལ། སྨན་གླིང་གྲོང་ཁྱེར་ཕད་གྲོང་རྡལ། གཞིས་རྩེ་གྲོང་ཁྱེར་གཉའ་ནང་རྫོང་འགྲམ་གྲོང་རྡལ་སོགས་ཀྱི་གཅིག་སྡུད་ཆུ་མཁོ་འདོན་ལས་གྲྭ་ལག་ལེན་བསྟར་བ་རེད། ལྷག་པར་དུ་2022ལོར་ཞིང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་ལས་གྲྭར་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་7.86བཏང་བ་དང་། ལས་གྲྭ་ཁག་1169ལག་ལེན་བསྟར་ནས་ཞིང་འབྲོག་པ་ཁྲི་26.71ལ་ཕན་པ་བཏགས་ཡོད།

    ལྟ་ཞིབ་ཚད་ལེན་དང་གྲལ་བཤེར་ནན་པོ་བྱས་ནས་འཐུང་ཆུའི་བདེ་འཇགས་ཀྱི་མཐའ་ཚད་འགན་ལེན་བྱས་ཤིང་། རྫོང(ཆུས)སྡེ་ཚན་དུ་བྱས་པའི་འཐུང་ཆུའི་བདེ་འཇགས་ཀྱི་ཉེན་ཁ་ལྟ་ཞིབ་ཚད་ལེན་ལམ་སྲོལ་བཙུགས་པ་རེད། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་རིམ་རྩིས་བརྒྱབ་ན་གནས་སྐབས་རང་བཞིན་གྱི་ཆུ་མཁོ་སྤྲོད་གནད་དོན་ཁྱོན་བསྡོམས་3875ཤེས་རྟོགས་བྱུང་བ་དང་། ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཀྱི་རིགས་ཁག་གི་ཉམས་གསོ་བདག་སྐྱོང་མ་དངུལ་སྒོར་དུང་ཕྱུར་3.84སྤྱད་དེ་ལས་གྲྭ་8646ལ་ཉམས་གསོ་བདག་སྐྱོང་བྱས་པས་ཞིང་འབྲོག་པ་ཁྲི་173.44ལ་ཕན་པ་བྱུང་བ་དང་། “ཉམས་གསོ་བྱེད་དགོས་རིགས་ཚང་མ་ཉམས་གསོ”བྱས་ཏེ་གནད་དོན་སྐབས་བསྟུན་ངང་སེལ་ཐུབ་པར་བྱས་ཡོད།

   སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རྫོང་ཁོངས་གཅིག་གྱུར་དོ་དམ་ལ་སྐུལ་འདེད་བཏང་ཞིང་། “འགན་འཁྲི་གསུམ”ཕྱོགས་ཡོངས་ནས་ནན་དུ་དང“ལམ་ལུགས་གསུམ”འཐུས་སྒོ་ཚང་དུ་བཏང་ནས་ཆུའི་སྤུས་ཚད་དང་ཆུ་རིན་བསྡུ་འཇལ་ལ་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་བ་རེད། དེ་དང་ཆབས་ཅིག ཞིང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་ལས་གྲྭ་ཁྲོམ་ར་ཅན་གྱི་འཁོར་རྒྱུག་དང་ཆེད་ལས་ཅན་གྱི་དོ་དམ་ལམ་སྲོལ་ཁྱབ་སྤེལ་ཧུར་ཐག་བཏང་བ་རེད། མིག་སྔར། བོད་ལྗོངས་ཡོངས་ཀྱི་རྫོང(ཆུས)69རུ་ཞིང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་རྫོང་ཁོངས་གཅིག་གྱུར་དོ་དམ་བྱེད་སྟངས་དོན་འཁྱོལ་བྱས་ཏེ་ཞིང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་ལས་གྲྭ་ཡུན་རིང་འཁོར་རྒྱུག་ཐུབ་པར་འགན་སྲུང་ནུས་ལྡན་བྱས་ཡོད།