གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་23ཉིན། 14:19】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཉེ་བའི་ལོ་ཤས་རིང་། སྤྱི་བདེ་པུའུ་ཡིས་བཟོ་ལས་ཆ་འཕྲིན་པུའུ་དང་ཀྲུང་གོ་མི་དམངས་དངུལ་ཁང་བཅས་དང་མཉམ་དུ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྐྱོང་བྱེད་པའི་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་བཏང་སྟེ། སྔོན་འགོག་བྱེད་ཐབས་སྣ་ཚོགས་ཕྱོགས་བསྡུས་ཀྱིས་སྤྱད་དེ། གྱོད་གཞི་འབྱུང་ཚད་གང་ལེགས་སྔོན་འགོག་དང་མང་ཚོགས་ཀྱི་རྒྱུ་ནོར་གྱི་གྱོང་གུན་ཉུང་དུ་གཏོང་བར་རྒྱལ་ཁབ་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་Appདང་། 96110ཉེན་ཟོན་ཆེད་དམིགས་སྦྲེལ་སྐུད། 12381ཁ་བསླུས་དང་འབྲེལ་བ་ཡོད་པའི་ཉེན་ཁ་བཀག་འགོག་འཕྲིན་ཐུང་། རྒྱལ་ཡོངས་སྒུལ་བདེའི་ཁ་པར་བྱང་བའི་“ལག་ཁྱེར་གཅིག་གིས་བརྟག་ཐབས།” སྤྲིན་གཏོང་སྤྲོད་App“མཐེབ་གཅིག་ཞིབ་བཤེར།” ཁ་བསླུས་ལ་ངོ་རྒོལ་བྱེད་པའི་མིང་བྱང་། རྒྱལ་ཡོངས་དྲ་སྦྲེལ་རྩིས་ཐོའི་“ལག་ཁྱེར་གཅིག་གིས་བརྟག་ཐབས་”བཅས་ཀྱི་ཁ་བསླུས་ངོ་རྒོལ་བྱེད་པའི་ལག་ཆ་ཆེན་པོ་བདུན་མཉམ་འབྲེལ་ཐོག་བཏོན་པ་རེད། དེའི་རྨང་གཞིའི་ཐོག་བཟོ་ལས་ཆ་འཕྲིན་ཅན་པུའུ་ཡིས་འདི་ལོ་སླར་ཡང་ཁ་བསླུས་ངོ་རྒོལ་བྱེད་པའི་ལག་ཆ་གསར་པ་སྟེ། ཕྱི་རྒྱལ་ནས་ཡོང་བའི་ཁ་པར་དྲན་སྐུལ་ཞབས་ཞུ་བཏོན་ནས་མང་ཚོགས་ཀྱིས་ཕྱི་རྒྱལ་ནས་ཡོང་བའི་ཁ་པར་དང་འཕྲིན་ཐུང་དབྱེ་འབྱེད་ནུས་ལྡན་བྱེད་པར་རོགས་རམ་བྱས་ཏེ། མི་དམངས་མང་ཚོགས་ལ་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་“མེ་འགོག་གྱང་”ཞེས་པ་ཞིག་སླར་ཡང་བསྣན་ཡོད།
ཕྱི་རྒྱལ་ནས་ཡོང་བའི་ཁ་པར་དྲན་སྐུལ་ཞབས་ཞུ།
ཕྱི་རྒྱལ་ནས་ཡོང་བའི་ཁ་པར་དང་འཕྲིན་ཐུང་འབྱོར་སྐབས་སྒེའུ་ཁུང་ཐོན་ནས་དྲན་སྐུལ་བྱེད་སྲིད།
2025ལོའི་ཟླ་3པར། བཟོ་ལས་ཆ་འཕྲིན་པུས་རྨང་གཞིའི་གློག་འཕྲིན་ཁེ་ལས་སྒྲིག་འཛུགས་བྱས་ནས། “ཕྱི་རྒྱལ་ནས་ཡོང་བའི་ཁ་པར་དྲན་སྐུལ་ཞབས་ཞུ”ཕྱོགས་ཡོངས་ནས་བཏོན་པ་དང་། ལག་ཐོགས་ཁ་པར་སྤྱོད་མཁན་གྱིས་ཕྱི་རྒྱལ་གྱི་ཁ་པར་ཉན་པའམ་ཡང་ན་ཕྱི་རྒྱལ་ནས་ཡོང་བའི་འཕྲིན་ཐུང་འབྱོར་སྐབས། དུས་མཉམ་དུ་དྲན་སྐུལ་བྱེད་པ་དང་། རང་འགུལ་ངང་ཁ་པར་དང་འཕྲིན་ཐུང་ཡོང་ཁུངས་རྒྱལ་ཁབ་བམ་ཡང་ན་ས་ཁུལ་དྲན་སྐུལ་བྱས་ནས་སྤྱོད་མཁན་གྱི་སྔོན་འགོག་འདུ་ཤེས་ཇེ་ཆེར་གཏོང་ཐུབ།