གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་22ཉིན། 11:03】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་6ཚེས་20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ནེའུ་ཙི་ལན་གྱི་ཙུང་ལི་ལཱ་ཁེ་སེན་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ནེའུ་ཙི་ལན་གྱི་ཙུང་ལི་ལཱ་ཁེ་སེན་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཕྱི་འབྲེལ་བཙུགས་ནས་ལོ་50ལྷག་ཙམ་རིང་། ཀྲུང་གོ་དང་ནེའུ་ཙི་ལན་གྱི་འབྲེལ་བར་རྒྱལ་སྤྱིའི་དུས་བབ་ཀྱི་འཕོ་འགྱུར་ཆེན་པོ་འཕྲད་ནའང་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དུས་ཡུན་རིང་པོར་ཀྲུང་གོ་དང་ནུབ་ཕྱོགས་ཀྱི་དར་རྒྱས་ཆེ་བའི་རྒྱལ་ཁབ་དབར་གྱི་འབྲེལ་བའི་མདུན་གྲལ་དུ་བསླེབས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་བདེ་རྩ་བསྐྲུན་ཡོད། ཀྲུང་གོ་དང་ནེའུ་ཙི་ལན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འགོ་ཚུགས་ནས་ལོ་10གཉིས་པའི་སྐབས་སུ་ཕྱོགས་གཉིས་པོས་ཀྲུང་གོ་དང་ནེའུ་ཙི་ལན་གྱི་འབྲེལ་བ་དེ་ལོ་10གསར་པའི་ནང་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་སྐྲུན་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ནེའུ་ཙི་ལན་ཕྱོགས་གཉིས་པོས་ཕྱོགས་གཉིས་པོའི་འབྲེལ་བའི་ཁྲོད་མཉམ་ལས་སྔར་བས་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་ནས་གསབ་རེས་ཀྱི་ལེགས་ཆ་འདོན་པ་དང་ཚོང་དོན་དང་མ་འཇོག་གི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཚན་རྩལ་གསར་གཏོད་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་། སློབ་གསོ་དང་། རིག་གནས། གཞོན་ནུ། དམངས་ཁྲོད། ས་གནས་བཅས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། ཕྱོགས་གཉིས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱེད་དགོས། ཀྲུང་གོ་དང་ནེའུ་ཙི་ལན་དབར་ལོ་རྒྱུས་ཀྱི་འཁོན་འགྲས་དང་རྙོག་ཟིང་མེད་ལ། རྩ་བའི་ཁེ་ཕན་གྱི་འགལ་ཟླའང་མེད་པས། ཕན་ཚུན་བརྩི་འཇོག་སྒོས་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱས་ནས་རྒྱལ་ཁབ་གཉིས་ཀྱི་ཧེ་བག་དང་མི་མཐུན་པའི་ཆ་ལ་ལྟ་སྟངས་ཡང་དག་འཛིན་པ་དང་ཐག་གཅོད་བྱེད་དགོས། འདི་ལོ་ནི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་80འཁོར་བའི་ལོ་རེད། ཀྲུང་གོ་དང་ནེའུ་ཙི་ལན་རྒྱལ་ཁབ་གཉིས་ནི་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་བཟོ་མཁན་དང་སྐྱོང་མཁན་ཡིན་པས། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་ལ་ཐུན་མོང་ཐོག་སྲུང་སྐྱོང་དང་། འཛམ་གླིང་ཚོང་དོན་རྩ་འཛུགས་སྲོག་ཤིང་དུ་བྱས་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ཐུན་མོང་ཐོག་སྲུང་སྐྱོང་བཅས་བྱས་ནས་རྒྱལ་སྤྱིའི་སྒྲིག་ལམ་སྔར་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
ལཱ་ཁེ་སེན་གྱིས་གསུངས་དོན། ནེའུ་ཙི་ལན་དང་ཀྲུང་གོའི་དབར་གྱི་འབྲེལ་བར་དོན་སྙིང་གལ་ཆེན་ལྡན་ཡོད། 2014ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེའུ་ཙི་ལན་དུ་འཚམས་འདྲི་གནང་སྐབས་ཕྱོགས་གཉིས་པོའི་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཡོད། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཁྱབ་ཁོངས་ཁག་གི་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཡོད། ནེའུ་ཙི་ལན་ཕྱོགས་ཀྱིས་ཀྲུང་གོའི་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ནས་ཀྲུང་གོ་གཅིག་གི་སྲིད་ཇུས་མུ་མཐུད་ལག་བསྟར་གྱིས་ཀྲུང་གོ་ཕྱོགས་དང་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་བསམ་ཤེས་མཐའ་འཁྱོངས་དང་། མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས། ཚོང་དོན་དང་མ་འཇོག་གི་གཞི་ཁྱོན་རྒྱ་ཆེར་གཏོང་བ། ཞིང་ལས་དང་། ཉ་ལས། དཀར་ཆུའི་ཐོན་ལས་བཅས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ། ཡུལ་སྐོར་དང་སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མི་ཆོས་རིག་གནས་སྤེལ་རེས་དམ་ཟབ་བཅས་བྱས་ཏེ། ནེའུ་ཙི་ལན་དང་ཀྲུང་གོའི་འབྲེལ་བར་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། དེང་སྐབས་འཛམ་གླིང་ལ་ངེས་གཏན་མེད་པའི་ཆ་མང་པོ་ལྡན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོས་ནུས་པ་དེ་བས་ཆེ་བ་འདོན་རྒྱུའི་རེ་སྒུག་བྱེད་བཞིན་ཡོད། ནེའུ་ཙི་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་མཐུན་སྦྱོར་ཧུར་ཐག་བྱས་ནས་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་བྱས་ཏེ་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་འདོད་ཡོད། ནེའུ་ཙི་ལན་ཕྱོགས་ཀྱིས་ཀྲུང་གོས་དུས་སང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཚོགས་འདུ་གཉེར་བར་རྒྱབ་སྐྱོར་ཞུ་རྒྱུ་ཡིན།