འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་22ཉིན།

༄༅།།རི་པིན་ཡི་གེའི《ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་རྣམ་བཤད་གནད་བསྡུས》ཀྱི་པར་ཕུད་མཛད་སྒོ་དང“གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ཀྲུང་གོའི་ཇུས་གཞིའི”སྤེལ་རེས་བགྲོ་གླེང་ཚོཌ་འདུ་ཐོ་ཁེའོ་རུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་22ཉིན། 11:00】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཐོ་ཁེའོ་ནས་ཟླ་6ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན། རི་པིན་གྱི་ཐོ་ཁེའོ་རུ་རི་པིན་ཡི་གེའི《ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་རྣམ་བཤད་གནད་བསྡུས》ཀྱི་པར་ཕུད་མཛད་སྒོ་དང“གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ཀྲུང་གོའི་ཇུས་གཞིའི”སྤེལ་རེས་བགྲོ་གླེང་ཚོགས་འདུ་འཚོགས་པ་རེད།

     ཀྲུང་རིའི་ཚོགས་ཞུགས་སྐུ་མགྲོན་དང་མཁས་དབང་གིས་ངོས་འཛིན་བྱས་དོན། 《ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་རྣམ་བཤད་གནད་བསྡུས》སུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དམིགས་ནས་སྤེལ་བའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་བསྡུས་ཡོད་པས། དེས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་དང་ལྟེ་བའི་དོན་སྙིང་ཕྱོགས་ཡོངས་ནས་མཚོན་ཡོད། བརྩམས་ཆོས་དེའི་རི་པིན་ཡི་གེའི་པར་མ་དང་དེ་གོང་པར་སྐྲུན་བྱས་པའི་དབྱིན་ཡིག་དང་། ཧྥ་རན་སེའི་ཡི་གེ ཨུ་རུ་སུའི་ཡི་གེ ཨ་རབ་ཀྱི་ཡི་གེ་བཅས་ཀྱི་པར་མ་དང་དེ་བཞིན་ཉེ་ཆར་དཔེ་སྐྲུན་བྱས་པའི་སི་ཕེན་ཡི་གེའི་པར་མ་བཅས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལོ་རྒྱུས་ཀྱི་རླབས་རྒྱུན་དང་། རིགས་པའི་གཞུང་ལུགས་ཀྱི་མ་ལག ལག་ལེན་གྱི་བླང་བྱ། འཛམ་གླིང་གི་དོན་སྙིང་བཅས་ལ་གོ་བ་གཏིང་ཟབ་ལེན་པར་ཕན་ཐོགས་ཆེན་པོ་ཡོད་པ་རེད།

     ཚོགས་ཞུགས་སྐུ་མགྲོན་གྱིས་ངོས་འཛིན་བྱས་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཤར་ཕྱོགས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ཅིག་དང་། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ལོ་བརྒྱའི་རྒྱང་ལམ་དུ་བཞེངས་པའི“དུས་རབས་ཀྱི་རྡོ་རིང”ཞིག ཀྲུང་ཧྭའི་ས་གཞི་ཆེན་པོར་རྩ་བ་ཚུགས་པ་དང་བདེན་དོན་གྱི་འོད་སྟོང་འཕྲོ་བའི་མིའི་རིགས་ཀྱི་དྲང་བདེན་གྱི་ལམ་བུ་ཞིག ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་དགོངས་པའི་ཕྱོགས་བསྡུས་མཚོན་ཚུལ་ཞིག་བཅས་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་ངེས་གཏན་རང་བཞིན་དང་། འཛམ་གླིང་ལ་སྒུལ་ཤུགས་གསར་པ་དང་གོ་སྐབས་གསར་པ། འཛམ་གླིང་ལ་སྒོ་དབྱེ་རང་བཞིན་དང་གཉིས་ཕན་རང་བཞིན་བཅས་བསྣན་ཡོད་པ་རེད།

     པར་ཕུད་མཛད་སྒོར། ཀྲུང་རིའི་སྐུ་མགྲོན་གྱིས་ཐུན་མོང་ཐོག་རི་པིན་ཡི་གེའི《ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་རྣམ་བཤད་གནད་བསྡུས》ཀྱི་པར་མའི་དཔེ་དེབ་གསར་པའི་ཡོལ་ཁེབས་ཕྱེ་བ་དང་། ཀྲུང་གོ་ཕྱོགས་ཀྱིས་རི་པིན་ཕྱོགས་ལ་དཔེ་དེབ་གསར་པ་སྤྲད་པ་རེད། མིག་སྔའི་བར་པར་སྐྲུན་བྱས་པའི་ཕྱི་ཡིག་པར་མ་6འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་30ལྷག་ཙམ་ལ་འགྲེམས་སྤེལ་བྱས་པ་རེད།

     ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་དང་རི་པིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་འགན་འཁུར་བློ་མཐུན་གཙོ་བོ་དང་། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན། རི་པིན་སྲིད་ཕྱོགས་ཀྱི་མི་སྣ་གལ་ཆེན་དང་། རིག་གཞུང་ལས་རིགས། རིག་མཛོད་བཅས་ཀྱི་འཐུས་མི། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་འཐུས་མི། སྨྱན་སྦྱོར་མི་སྣ་བཅས་120ལྷག་ཙམ་པར་ཕུད་མཛད་སྒོ་དང་བགྲོ་གླེང་སྤེལ་རེས་བྱེད་སྒོར་ཞུགས་པ་རེད།

    ད་ཐེངས་ཀྱི་བྱེད་སྒོ་ནི་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་དང་རི་པིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་གཙོ་གཉེར་བྱས་པ་དང་། ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་གིས་སྒྲུབ་འགན་ཁུར་བ་ཞིག་རེད།