འདི་ག་ཚགས་པར་གྱི་གསར་འགོད་པ། ཝང་དབྱིན་ཤིན། ཝུའུ་ཆིའུ་ཡུས། ཀྲའོ་ཀྲན་ཧུའེ། ཀེ་མོང་ཁྲའོ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་22ཉིན། 10:58】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
སྡེ་ཚན་མང་པོས་ཧྲང་ཧའེ་རྒྱལ་སྤྱིའི་དངུལ་རྩ་ལྟེ་གནས་འཛུགས་སྐྱོང་དང་ཚན་རྩལ་གསར་གཏོད་ཁུལ་སྒྱུར་བཅོས་སོགས་སྤྱི་ཚོགས་སུ་དོ་ཁུར་བྱེད་པའི་གནད་དོན་ལ་གཞིགས་ཏེ། 2025ལོའི་ལུའུ་ཅ་ཙུའེ་གླེང་སྟེགས་སུ་དངུལ་རྩའི་སྲིད་ཇུས་རབ་དང་རིམ་པ་ཁྱབ་བསྒྲགས་བྱས་པ་རེད།
ཀྲུང་གོ་མི་དམངས་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཧྲང་ཧའེ་རུ་དངུལ་རྩའི་སྐོར་གྱི་སྲིད་ཇུས་དང་བྱེད་ཐབས་ཁག་8ལག་བསྟར་བྱ་རྒྱུ་ཡིན་ཞིང་། དེའི་ནང་དངུལ་ཁང་དབར་གྱི་ཁྲོམ་རའི་ཉོ་ཚོང་སྙན་ཞུ་མཛོད་བཙུགས་ནས་དངུལ་ཁང་དབར་གྱི་བུན་འཛིན་དང་། དངུལ་ལོར། མཆེད་རྫས། གསེར། འཁྲོལ་འཛིན་སོགས་ཐད་ཀྱི་དངུལ་རྩའི་ཡན་ལག་ཁྲོམ་ར་ཁག་གི་ཉོ་ཚོང་གྲངས་གཞི་མང་པོ་བསྡུ་རུབ་སྒོས་དེར་བརྒྱུད་རིམ་ལྡན་པའི་དབྱེ་ཞིབ་བྱེད་པ་དང་། གྲངས་འཛིན་མི་དམངས་ཤོག་སྒོར་གྱི་རྒྱལ་སྤྱིའི་གཉེར་སྐྱོང་ལྟེ་གནས་བཙུགས་ནས་གྲངས་འཛིན་མི་དམངས་ཤོག་སྒོར་གྱི་རྒྱལ་སྤྱི་ཅན་གཉེར་སྐྱོང་དང་དངུལ་རྩའི་ཁྲོམ་རའི་ལས་སྒོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་སྒེར་གྱི་ཡིད་རྟོན་སྒྲིག་གཞི་བཙུགས་ནས་དངུལ་རྩའི་སྒྲིག་གཞིར་སྣ་མང་ཅན་དང་བར་ཁྱད་ཅན་གྱི་མི་སྒེར་གྱི་ཡིད་རྟོན་ཐོན་རྫས་མཁོ་སྤྲོད་བྱེད་པ། ཧྲང་ཧའེ་ལིན་ཀང་ཡུག་ཁུལ་གསར་པར་ཁོངས་བརྒལ་ཉོ་ཚོང་དངུལ་རྩའི་ཞབས་ཞུའི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟ་བྱས་ནས་ཧྲང་ཧའེ་ཡི་ཁོངས་བརྒལ་ཉོ་ཚོང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་སོགས་ཚུད་ཡོད།
རྒྱལ་ཁབ་དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཧྲང་ཧའེ་གྲོང་ཁྱེར་སྲིད་གཞུང་དང་མཉམ་འབྲེལ་ཐོག《ཧྲང་ཧའེ་རྒྱལ་སྤྱིའི་དངུལ་རྩ་ལྟེ་གནས་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བྱ་སྤྱོད་ཇུས་གཞི》ཁྱབ་བསྒྲགས་བྱས་ཏེ། དངུལ་ཁང་དང་འགན་བཅོལ་སྒྲིག་གཞི་ཧྲང་ཧའེ་རུ་འདུ་འཛོམས་བྱ་རྒྱུར་སྔར་བས་རྒྱབ་སྐྱོར་གྱིས་ཚན་རྩལ་ཁེ་ལས་ཀྱི་ཁྱད་ཆོས་དང་འཚམ་པའི་དངུལ་རྩའི་ཞབས་འདེགས་ཞུ་སྟངས་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། ས་ཁོངས་སྒྲོལ་བའི་དངུལ་རྩའི་ཞབས་འདེགས་རྒྱུན་མཐུད་ལེགས་སུ་གཏོང་བ། ཧྲང་ཧའེ་རུ་ཡོད་པའི་དངུལ་རྩའི་སྒྲིག་གཞིའི་རྒྱང་ལྟའི་རང་བཞིན་གྱི་ཉེན་ཁ་ཚོད་འཛིན་གྱི་ནུས་པ་ཆེར་གཏོང་ལ་སྐུལ་མ་གཏོང་བ། དངུལ་རྩའི་ཁྲིམས་སྐྱོང་འཛུགས་སྐྱོང་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཧྲང་ཧའེ་ལ་རྒྱུ་ནོར་དོ་དམ་ཞབས་ཞུའི་ལས་སྟེགས་གསར་པ་གཏོད་པར་རྒྱབ་སྐྱོར་བྱ་རྒྱུ་རེད།
ཀྲུང་གོ་དངུལ་འཛིན་ལྟ་འདོམས་ཨུ་ལྷན་གྱིས་བསམ་འཆར་བཀྲམ་ནས་ཚན་རྩལ་གསར་གཏོད་ཁུལ་དུ་ཚན་རྩལ་གསར་གཏོད་འཚར་ལོངས་བང་རིམ་བཟོས་ཏེ། ཁེ་སྤོགས་མེད་པའི་ཁེ་ལས་ལ་སྤྱོད་རྒྱུར་འཚམ་པའི་ཚན་རྩལ་གསར་གཏོད་ཁུལ་གྱི་ཚད་གཞི་ལྔ་པ་ཁྲོམ་རར་བསྐྱར་དུ་བཏོན་ནས། སྔར་བས་གནད་སྨིན་གྱི་ཞབས་ཞུའི་ལག་རྩལ་ཐད་ཚད་བརྒལ་ཆེ་ཙམ་དང་། ཚོང་ལས་ཀྱི་མདུན་ལམ་རྒྱ་ཆེ་བ། རྒྱུན་མཐུད་ཞིབ་སྤེལ་མ་འཇོག་མང་བ་བཅས་ལྡན་པའི་སྤུས་ལེགས་ཚན་རྩལ་ཁེ་ལས་བསྐྱར་དུ་གཉེར་རྒྱུ་རེད། དུས་མཚུངས་སུ་ཚན་རྩལ་གསར་གཏོད་ཁུལ་དུ་སྒྱུར་བཅོས་ཀྱི་བྱེད་ཐབས་ཁག་6འདོན་རྒྱུ་ཡིན་པའི་ནང་། ཚན་རྩལ་གསར་གཏོད་ཁུལ་ལ་འཚམ་པའི་ཚད་གཞི་ལྔ་པའི་ཁེ་ལས་ལ་བསླབ་རྒན་ཆེད་ལས་སྒྲིག་གཞིའི་མ་དངུལ་གཏོང་མཁན་གྱི་ལམ་ལུགས་ཚོད་ལྟ་ནང་འདྲེན་བྱེད་པ་དང་། སྤུས་ལེགས་ཚན་རྩལ་ཁེ་ལས་ཀྱི་ཚོད་ལྟར་ཕྱོགས་ནས་མ་རྐང་བསྡུ་རུབ(IPO)ཀྱི་སྔོན་ཚུད་བཤེར་ཀློག་ལམ་སྲོལ་ཐོག་མར་ཡོངས་བསྒྲགས་བྱེད་པ་སོགས་ཚུད་ཡོད།
རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱིས། རྒྱབ་སྐྱོར་རང་བཞིན་གྱི་སྲིད་ཇུས་མང་པོ་བཏོན་ནས་ལས་ཞུགས་བརྟན་པོ་དང་། ཁེ་ལས་བརྟན་པོ། ཁྲོམ་ར་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཡོང་བར་རམ་འདེགས་བྱེད་ཀྱི་ཡིན། ཉེ་དུས་ས་ཁོངས་ནང་གི་ཚད་ལོན་སྒྲིག་གཞིའི་མ་དངུལ་གཏོང་མཁན(QDII)གྱི་མ་འཇོག་གྲངས་ཚད་ཁག་གཅིག་གསར་དུ་བཀྲམ་ནས་ས་ཁོངས་ནང་གི་བྱེད་པོས་ས་ཁོངས་ཕྱིར་མ་འཇོག་བྱེད་པའི་ལུགས་མཐུན་གྱི་དགོས་མཁོ་གོ་རིམ་ལྡན་པའི་ངང་བསྐང་རྒྱུ་ཡིན་ཞེས་བརྗོད་པ་རེད།