གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་21ཉིན། 11:21】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཞལ་པར་ནས་བཀའ་མོལ་གནང་སྟེ། འཛམ་གླིང་དབུས་ཤར་ས་ཁུལ་གྱི་དུས་བབ་སྐོར་ལ་གཙོ་གནད་ཐོག་དགོངས་འཆར་བརྗེ་རེས་གནང་བ་རེད།
ཕུའུ་ཅིང་གིས་མིག་སྔའི་འཛམ་གླིང་དབུས་ཤར་ས་ཁུལ་གྱི་དུས་བབ་ལ་འཛིན་པའི་ཨུ་རུ་སུ་ཕྱོགས་ཀྱི་ལྟ་ཚུལ་བརྡ་ཁྱབ་བཏང་བ་དང་འབྲེལ། དབྱི་སི་རལ་གྱིས་དབྱི་རན་གྱི་ཉིང་རྡུལ་སྒྲིག་བཀོད་ལ་འཇབ་རྒོལ་བྱས་པ་དེ་ནི་ཉེན་ཁ་ཧ་ཅང་ཆེན་པོ་ཞིག་རེད། གདོང་གཏུག་ཛ་དྲག་ཏུ་འགྲོ་བ་དེ་ཕྱོགས་གང་ཞིག་གི་ཁེ་ཕན་དང་མཐུན་གྱི་མེད་པས། གླེང་མོལ་དང་གྲོས་མོལ་ལ་བརྟེན་ནས་དབྱི་རན་གྱི་ཉིང་རྡུལ་གནད་དོན་ཐག་གཅོད་བྱེད་དགོས། གདོང་གཏུག་ཕྱོགས་གཉིས་པོས་རྒྱལ་ཁབ་གསུམ་པའི་སྤྱི་དམངས་ཀྱི་བདེ་འཇགས་འགན་སྲུང་བྱེད་དགོས། མིག་སྔར་དུས་བབ་ད་དུང་ཛ་དྲག་ཏུ་འགྲོ་བཞིན་ཡོད་པས། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱས་ནས་དུས་བབ་ཞི་ལྷོད་དུ་འགྲོ་བར་ཐུན་མོང་ཐོག་འབད་བརྩོན་ཧུར་ཐག་བྱས་ཏེ། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱི་རྩ་དོན་དང་ལངས་ཕྱོགས་རྒྱས་བཤད་གནང་བ་དང་འབྲེལ། དེང་སྐབས་འཛམ་གླིང་དབུས་ཤར་ས་ཁུལ་གྱི་དུས་བབ་ཉེན་ཁ་དང་ཛ་དྲག་ཧ་ཅང་ཆེ་བ་དེ་ལས་འཛམ་གླིང་ཟིང་ཆ་དང་འཕོ་འགྱུར་གྱི་དུས་སྐབས་གསར་པར་སླེབས་པ་སླར་ཡང་ར་འཕྲོད་ཐུབ་ཡོད། གལ་ཏེ་གདོང་གཏུག་སྔར་བས་ཇེ་སྡུག་ཏུ་ཕྱིན་ཚེ་གདོང་གཏུག་ཕྱོགས་གཉིས་པོར་གྱོང་གུན་དེ་བས་ཆེ་བ་ཕོག་རྒྱུ་མ་ཟད། ས་ཁུལ་དང་རྒྱལ་ཁབ་ལ་ཡང་གནོད་འཚེ་ཚབས་ཆེན་ཕོག་ངེས་རེད། དེང་སྐབས་ཀྱི་གནས་ཚུལ་ལ་དམིགས་ནས་ངས་འདོད་ཚུལ་བཞི་འདོན་རྒྱུ་ཡིན།
གཅིག དམག་མཚམས་འཇོག་པར་སྐུལ་འདེད་གཏོང་རྒྱུ་ནི་འཕྲལ་དུ་སྒྲུབ་དགོས་པའི་ལས་དོན་ཞིག་རེད། དྲག་ཤུགས་ནི་རྒྱལ་སྤྱིའི་རྩོད་གཞི་ཐག་གཅོད་བྱེད་པའི་ཡང་དག་པའི་བྱ་ཐབས་ཤིག་མིན་པས། དེས་འཁོན་འཛིན་དང་འགལ་ཟླ་ཇེ་དྲག་ཏུ་འགྲོ་སྲིད། གདོང་གཏུག་དོ་བདག་ཕྱོགས་དང་ལྷག་པར་དུ་དབྱི་སི་རལ་གྱིས་དམག་མཚམས་གང་མགྱོགས་བཞག་ནས་དུས་བབ་རིམ་བཞིན་ཇེ་སྡུག་ཏུ་འགྲོ་རྒྱུ་སྔོན་འགོག་བྱས་ཏེ། དམག་འཁྲུག་རྒྱ་ཆེ་རུ་མི་འགྲོ་བར་བྱེད་དགོས།
གཉིས། མི་སེར་གྱི་བདེ་འཇགས་འགན་སྲུང་བྱེད་རྒྱུ་ནི་གལ་ཆེའི་ནང་གི་འགངས་ཆེ་ཞིག་རེད། ག་དུས་ཡིན་ནའང་དམག་དོན་གདོང་གཏུག་ཁྲོད་མི་སེར་སྲུང་སྐྱོང་བྱེད་དགོས་པའི་དམར་ཐིག་ལས་འགལ་མི་རུང་། དབྱེར་མེད་དྲག་ཤུགས་བྱ་སྤྱོད་སྤེལ་བ་ཡང་དེ་བས་དང་ལེན་བྱ་ཐབས་མེད། གདོང་གཏུག་དོ་བདག་ཕྱོགས་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་ལ་བརྩི་སྲུང་ནན་པོ་ཞུས་ཏེ། ཉེས་མེད་མི་སེར་ལ་གནོད་འཚེ་མཐའ་གཅིག་ཏུ་མི་ཕོག་པར་བྱེད་པ་དང་འབྲེལ། རྒྱལ་ཁབ་གསུམ་པའི་སྤྱི་དམངས་ཕྱིར་འཐེན་བྱེད་པར་སྟབས་བདེ་སྐྲུན་དགོས།
གསུམ། གླེང་མོལ་དང་གྲོས་མོལ་བྱེད་རྒྱུ་ནི་རྩ་བའི་ལམ་བུ་ཞིག་རེད། འབྲེལ་གཏུག་གླེང་མོལ་ནི་ཡུན་རིང་ཞི་བདེ་ཡོང་བའི་ཡང་དག་པའི་ཐབས་ལམ་ཞིག་རེད། ཆབ་སྲིད་ལ་བརྟེན་ནས་དབྱི་རན་གྱི་ཉིང་རྡུལ་གནད་དོན་ཐག་གཅོད་བྱེད་པའི་ཁ་ཕྱོགས་ཆེན་པོར་འགྱུར་བ་མི་གཏོང་བར། གླེང་མོལ་དང་གྲོས་མོལ་བརྒྱུད་དབྱི་རན་གྱི་ཉིང་རྡུལ་གནད་དོན་དེ་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱེད་པའི་བགྲོད་ལམ་དུ་སླར་ཡང་ལོག་རྒྱུ་མཐའ་འཁྱོངས་བྱེད་དགོས།
བཞི། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཞི་བདེར་སྐུལ་འདེད་གཏོང་བའི་འབད་བརྩོན་ནི་མེད་དུ་མི་རུང་བ་ཞིག་རེད། འཛམ་གླིང་དབུས་ཤར་ས་ཁུལ་བརྟན་ལྷིང་མེད་ན་གནམ་འོག་དུས་བདེ་ཡོང་དཀའ། དབྱི་སི་རལ་དང་དབྱི་རན་གྱི་གདོང་གཏུག་ལས་འཛམ་གླིང་དབུས་ཤར་ས་ཁུལ་གྱི་དུས་བབ་གློ་བུར་དུ་ཛ་དྲག་ཏུ་ཕྱིན་ཡོད་ལ། གོ་ལ་ཧྲིལ་པོའི་བདེ་འཇགས་ལ་ཡང་ཕོག་ཐུག་ཚབས་ཆེན་བྱུང་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་གདོང་གཏུག་དོ་བདག་ཕྱོགས་ལ་དམིགས་བསལ་ཤུགས་རྐྱེན་ཐེབས་པའི་རྒྱལ་ཁབ་ཆེན་པོས་དུས་བབ་ཞི་ལྷོད་དུ་འགྲོ་བའི་འབད་བརྩོན་བྱེད་དགོས་པ་ལས་དེ་ལས་ལྡོག་མི་རུང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དེའི་ཐད་ནུས་པ་དེ་བས་ཆེ་བ་འདོན་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས། མཉམ་ཤུགས་གཅིག་སྒྲིལ་དང་དྲང་བདེན་ཡོང་བར་བྱས་ཏེ། འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཞི་བདེ་སླར་གསོ་ཡོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་ཨུ་རུ་སུའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་ཆུ་ཚད་མཐོ་བའི་འཐབ་ཇུས་མཉམ་ལས་ལ་ཚད་མཐོའི་གདེང་འཇོག་གནང་ཞིང་། མཐོ་རིམ་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱེད་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཨུ་རུ་སུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་འགྲོ་བར་སྐུལ་འདེད་གཏོང་རྒྱུར་མོས་མཐུན་གནང་བ་རེད།