འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་21ཉིན།

༄༅།།རང་རྒྱལ་གྱི་མྱུར་བགྲོད་འཕྱོ་སྐྱོད་ཀྱི་ཚོད་ལྟའི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་650ཟིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་21ཉིན། 11:18】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་ཝུའུ་ཧན་ནས་ཟླ་6ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཧུའུ་པེ་ཏུང་ཧུའུ་ཚོད་ལྟ་ཁང་གི་མྱུར་བགྲོད་འཕྱོ་སྐྱོད་གློག་ངར་ལག་རྩལ་གསར་གཏོད་སྐུལ་སྤེལ་ལྟེ་གནས་ཀྱིས་སྤེལ་བའི་འཕྱོ་སྐྱོད་ཚོད་ལྟ་ཞིག་གི་ཁྲོད། ཚན་ཞིབ་མི་སྣས་སྐར་ཆ་7རིང་བར་ཐག་སྨི་1000ནང་ལྗིད་ཚད་ཏུན་1.1ཡོད་པའི་ཚོད་ལྟའི་རླངས་འཁོར་ཞིག་གི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་650བར་མགྱོགས་སུ་བཏང་བ་རེད། ཚོད་ལྟའི་མྱུར་ཚད་དེས་རིགས་མཚུངས་ལས་སྟེགས་ཀྱི་གོ་ལ་ཧྲིལ་པོའི་ཟིན་ཐོ་གསར་པ་བཏོད་དེ། འཛམ་གླིང་གི་འཕྱོ་སྐྱོད་ཚོད་ལྟའི་མྱུར་ཚད་མགྱོགས་ཤོས་སུ་གྱུར་ཡོད་པ་རེད།

     ལྟེ་གནས་དེའི་ཀྲུའུ་རེན་ལི་ཝེ་ཁྲའོ་ཡིས། ཚོད་ལྟ་བྱེད་པར་ཐག་ཉེ་ས་ནས་འདེད་སྐུལ་གྱི་རྣམ་པ་སྤྱད་ཡོད་པ་དང་གནས་ངེས་ཞིབ་ཚད་མཐོ་ཤོས་ལ་ཧའོ་སྨི་4ཟིན་གྱི་ཡོད་པ་རེད། གློག་ངར་གྱི་འདེད་སྐུལ་དང་གནད་ལ་འཁེལ་བའི་ཚད་ལེན་གནས་ངེས་ལ་བརྟེན་ནས། ཚོད་ལྟའི་རླངས་འཁོར་ཆུ་ཚོད་རེར་སྤྱི་ལེ་650འཁོར་སྐྱོད་མྱུར་ཚད་འོག་སྨི་220ནང“ཁ་བཀག”ཐུབ་ཀྱི་ཡོད། ལག་རྩལ་དེ་ཚན་ཞིབ་སྒྲིག་ཆས་ཐོག་ཁྱབ་གདལ་བེད་སྤྱོད་བཏང་ཡོད་ལ་འབྱུང་འགྱུར་མྱུར་ཚད་མུ་མཐུད་མགྱོགས་སུ་བཏང་ནས་ཆུ་ཚོད་རེར་སྤྱི་ལེ་800སྐྱོད་ཐུབ་པའི་དམིགས་ཚད་ཕྱོགས་སུ་འབད་འཐབ་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།