གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་21ཉིན། 11:17】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་18ཉིན་གློག་འཕྲིན་འབྱོར་གསལ། དབྱར་ཁ་ཤར་ཚུན། རྒྱལ་ཡོངས་ཀྱི་དབྱར་གྲོ་ལྷོ་ནས་བྱང་བར་གཅིག་རྗེས་གཉིས་མཐུད་ངང་སྨིན་ནས་བསྡུ་འགོ་ཚུགས་ཡོད། གསར་འགོད་པར་ཞིང་ལས་དང་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་6ཚེས་18ཉིན་བར་གྲོ་བསྡུ་ཚད་96%ཟིན་ཞིང་། ཤིན་ཅང་དང་ཀན་སུའུ་སོགས་ནུབ་བྱང་ས་ཁུལ་དུ་གྲོ་བསྡུ་རྒྱུ་དེ་སྟོན་ཁ་བར་རྒྱུན་མཐུད་རྒྱུ་ཡིན་ཞིང་། ལྷོ་ནུབ་དང་རྨ་ཆུ་དང་། ཧོའེ་ཧོ་གཙང་པོ། ཧའེ་ཧོ་གཙང་པོའི་འབབ་རྒྱུད་སོགས་གཙོ་གནད་གྲོ་འདེབས་ཁུལ་གྱི་གྲོ་ཚང་མ་བསྡུས་ཟིན་པ་དང་། ད་ལོའི་རྒྱལ་ཡོངས་ཀྱི“དབྱར་ལས་གསུམ”གྱི་གྲོ་གཞི་ཁྱོན་ཆེ་བའི་འཕྲུལ་བསྡུ་སྤྱིར་ན་མཇུག་འགྲིལ་རྒྱུ་རེད།
ཟླ་5ཚེས་26ཉིན་ནས་བཟུང“དབྱར་ལས་གསུམ”གྱི་གཞི་ཁྱོན་ཆེ་བའི་གྲོ་འཕྲུལ་བསྡུའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཡོད། ད་ལོའི་གྲོ་བསྡུ་རིང་འབྲེལ་ཡོད་སྡེ་ཚན་གྱིས་ལས་དོན་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་ས་ཁོངས་བསྒྲལ་ནས་ཕྱིར་སྐྱོད་དང་སྣུམ་སྤྱོད་མཁོ་སྤྲོད་འགན་ལེན་སོགས་ཞབས་ཞུའི་འགན་སྲུང་བྱེད་ཐབས་ལ་འཕྲལ་དུ་གྲོས་མོལ་ཞིབ་འཇུག་བྱས་པ་དང་། ས་གནས་ཁག་ལ་སྔ་ཙམ་བཀོད་སྒྲིག་བྱས་ནས་དོན་འཁྱོལ་གྱི་དུས་ཚོད་འདང་ངེས་སྤྲད་དེ་བདེ་བླག་ངང་གྲོ་བསྡུ་རྒྱུར་སྐུལ་འདེད་གཏོང་ཆེད་རང་འགུལ་བརྩོན་ལེན་བྱེད་དགོས་པའི་མཛུབ་ཁྲིད་བྱས་ཡོད། ད་ལོའི་དབྱར་ཁ་ཤར་ཚུན། གནམ་གཤིས་འགྱུར་ལྡོག་མང་བས་ས་གནས་ཁག་གིས་གནམ་དྭངས་པ་དང་བསྟུན་ནས་གང་མགྱོགས་བསྡུས་ཏེ་གྲོ་སྨིན་པའི་དུས་ཚོད་དང་བསྟུན་ནས་གྲོ་བསྡུའི་མྱུར་ཚད་མགྱོགས་མྱུར་ལེགས་སྒྲིག་བྱས་པས་སྤྱི་ཡོངས་ཀྱི་མྱུར་ཚད་དེ་རྒྱུན་གཏན་དང་བསྡུར་ན་ཉིན་2ནས་3བར་མགྱོགས་སུ་ཕྱིན་ཡོད།
ཞིང་འཕྲུལ་གཙོ་ཤུགས་དམག་གི་ནུས་པ་རྒྱུན་མཐུད་མངོན་ཞིང་། རང་རྒྱལ་གྱི་ཞིང་འཕྲུལ་སྒྲིག་ཆས་མགྱོགས་མྱུར་རིམ་འཇུག་རིམ་སྤོར་བྱུང་བ་དང་ད་ལོའི་དབྱར་གྲོ་བསྡུ་བར་རྒྱལ་ཡོངས་ཀྱིས་མཉམ་འབྲེལ་བརྔ་བསྡུའི་འཕྲུལ་འཁོར་ཁྲི་80ལྷག་ཙམ་བཏང་བའི་ནང་ས་ཁོངས་བསྒྲལ་ནས་ལས་སྒྲུབ་བྱེད་མཁན་འཕྲུལ་འཁོར་ཁྲི་20ལྷག་ཙམ་ཟིན་པ་དང་རང་རྒྱལ་ནས་ཐོན་པའི་སྐར་ཆ་རེར་བརྔ་ཚད་སྤྱི་རྒྱ་9ནས་10བར་ཟིན་པའི་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་ཆེ་གྲས་དེ་ས་ཁོངས་སྒྲོལ་བའི་གཙོ་ཤུགས་འཕྲུལ་འཁོར་གྱི་རིགས་ཤིག་ལ་གྱུར་པ་དང་། འཕྲུལ་འཁོར་རྐྱང་པས་ཉིན་རེར་ཆ་སྙོམས་བསྡུ་བའི་རྒྱ་ཁྱོན་མུའུ་80ཟིན་ནས་ལས་ཕྱོད་ལོ་5ཡི་གོང་དང་བསྡུར་ན་30%ཡན་མཐོ་རུ་ཕྱིན་ཡོད་པ་རེད།