ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པར་ཞུགས་རྗེས།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་20ཉིན། 10:17】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་18ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པར་ཞུགས་རྗེས་ཆེད་གཏོང་གནམ་གྲུར་བཞུགས་ནས་པེ་ཅིང་དུ་ལོག་ཕེབས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་གི་ནང་མཉམ་དུ་ལོག་ཕེབས་པ་རེད།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨ་སི་ཐ་ན་ནས་ཟླ་6ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་18ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པར་ཞུགས་རྗེས་པེ་ཅིང་དུ་ལོག་ཕེབས་པ་རེད།
ཨ་སི་ཐ་ན་ནས་ཞལ་གྱེས་སྐབས་ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་ཡིས་ཙུང་ཐུང་གཞུང་དོན་ཐིང་གི་ཀྲུའུ་རེན་ཏ་ཅེ་པའེ་དང་། ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ནུར་ཐེ་ལེ་ཝུའུ། ཙུང་ཐུང་གི་ཕྱི་དོན་བློ་འདྲི་བ་ཁཱ་ཅི་ཧན། ཨ་སི་ཐ་ན་གྲོང་ཁྱེར་གྱི་ཧྲི་ཀྲང་ཁཱ་སེ་མུའུ་པེ་ཁེ་སོགས་མཐོ་རིམ་དཔོན་རིགས་ཀྱི་སྣེ་ཁྲིད་དེ་གནམ་ཐང་དུ་ཕེབས་སྐྱེལ་ཞུས་པ་རེད།
ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་འཕུར་རྗེས། ཧ་སག་སི་ཐན་མཁའ་དམག་གི་དམག་འཐབ་གནམ་གྲུས་མཁའ་དབྱིངས་ནས་སྲུང་སྐྱེལ་ཞུས་པ་རེད།
གནམ་ཐང་དུ་ཕེབས་པའི་ལམ་བར་དུ་ཀྲུང་གོའི་མ་འཇོག་ཁེ་ལས་དང་ཕྱི་སྦྱོང་སློབ་མའི་འཐུས་མིས་འགྲོ་ལམ་གྱི་གཞོགས་གཉིས་ནས་ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གཡུག་གཡུག་བྱས་ཏེ། ཞི་ཅིན་ཕིང་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པར་ཞུགས་པ་ཐུགས་གྲ་ལེགས་འགྲིག་བྱུང་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད།