འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་20ཉིན།

ཆ་སྙོམས་ལེགས་གྲུབ་ཐུབ་ཚད་80%ལྷག་ཙམ་ཟིན་པ།

༄༅།།གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཟབ་གཏོང་དང་རིམ་སྤོར་བྱ་སྤྱོད་ལོ་མཇུག་ཏུ་མཇུག་འགྲིལ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་20ཉིན། 10:16】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་17ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཟབ་གཏོང་དང་རིམ་སྤོར་བྱ་སྤྱོད་ཀྱི་2025ལོའི་ཆེད་དོན་སྐུལ་སྤེལ་ཚོགས་འདུ་ཐེངས་གཉིས་པ་ནས་ཤེས་རྟོགས་བྱས་པ་ལྟར་ན། 2025ལོ་ནི་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཟབ་གཏོང་དང་རིམ་སྤོར་བྱ་སྤྱོད་ཀྱི་མཇུག་འགྲིལ་ལོ་རེད། ད་ལོའི་དུས་ཚིགས་དང་པོའི་དུས་མཇུག་བར་ཀྲུང་དབྱང་ཁེ་ལས་ཁག་དང་ས་གནས་ཁག་གི་གཞུང་ཁོངས་ཁེ་ལས་ཀྱི་གཙོ་གནད་སྒྱུར་བཅོས་ལས་འགན་ཆ་སྙོམས་ལེགས་གྲུབ་ཐུབ་ཚད་80%ལྷག་ཙམ་ཟིན་ཡོད་པ་རེད།

    རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་ཏང་ཨུད་ཀྱི་ཨུ་ཡོན་དང་ཀྲུའུ་རེན་གཞོན་པ་ལི་ཀྲེན་གྱིས། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཟབ་གཏོང་དང་རིམ་སྤོར་བྱ་སྤྱོད་ལག་བསྟར་བྱས་ཚུན། རྒྱ་ཆེའི་གཞུང་ཁོངས་ཁེ་ལས་ཀྱིས་རང་འགུལ་ངང་བྱས་རྗེས་འཇོག་པ་དང་། ཚན་རྩལ་གསར་གཏོད་གྲུབ་འབྲས་ཀྱི་བཀྲག་མདངས་མང་པོ་མངོན་པ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་དར་རྒྱས་ཆེན་པོ་བྱུང་བ། ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་གསོ་སྐྱོང་བཅས་བྱས་ཡོད། འོན་ཀྱང་ཚན་རྩལ་གསར་གཏོད་དང་། ཐོན་ལས་གསར་གཏོད་གཉིས་མཉམ་འདྲེས་ཀྱི་སྒྲིག་སྲོལ་ལམ་སྲོལ་བཅས་ཀྱི་ཐད་ད་དུང་གནད་དོན་དང་དཀའ་ངལ་མི་ཉུང་བ་ཞིག་གནས་ཡོད་པས། སྒྱུར་བཅོས་ཟབ་གཏོང་ཁྲོད་ཐག་གཅོད་མགྱོགས་པོ་བྱེད་དགོས་ལུགས་ངོ་སྤྲོད་བྱས།

    ལི་ཀྲེན་གྱིས། གོམ་སྟབས་རྗེས་མར་གཞུང་ཁོངས་ཁེ་ལས་ཀྱིས་ཚན་རྩལ་གསར་གཏོད་ཀྱི་མཁོ་སྤྲོད་སྤུས་ཚད་མཐོ་རུ་གཏོང་བའི་ཐད་འབད་བརྩོན་བྱེད་དགོས་ཤིང་། ཕྱོགས་གཅིག་ནས་ཐོག་མའི་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་བཀོད་སྒྲིག་འཐུས་སྒོ་ཚང་དུ་བཏང་སྟེ་ཐོག་མའི་གསར་གཏོད་ལ་ལད་ཟློས་གསར་གཏོད་དང་མི་འདྲ་བའི་སྐུལ་ལྕག་འགན་སྲུང་ལམ་སྲོལ་ལག་བསྟར་བྱེད་པ་དང་། བཅོས་སྐྱོང་མ་ལག་དང་། ཞིབ་སྤེལ་རྩ་འཛུགས། དཔྱད་ཞིབ་ལྕག་སྐུལ། ཤེས་ལྡན་པ་བེད་སྤྱོད་སོགས་ཀྱི་ཐད་དེ་བས་ཚད་བརྒལ་རང་བཞིན་གྱི་ལམ་ལུགས་ལམ་སྲོལ་ལག་བསྟར་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་མ་ལག་རིགས་དབྱེ་ནས་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་གསར་གཏོད་རང་བཞིན་དང་། མ་ལག་རང་བཞིན། ཆེད་ལས་རང་བཞིན། སྒོ་དབྱེ་རང་བཞིན། སྐྱེན་མྱུར་རང་བཞིན་སོགས་ཕྱོགས་མི་འདྲ་བའི་ཐོག་ནས་འགག་སྒྲོལ་ཤུགས་འདོན་བྱེད་དགོས་ཞེས་བརྗོད།