མི་བཞུགས་ཟླ་དཔྱད་ལས་གཞིའི་ཞིབ་བཟོའི་ལས་དོན་ལ་ཚད་བརྒལ་གསར་པ་གལ་ཆེན་བྱུང་བ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་20ཉིན། 10:14】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གཞི་གཞུང་ལས་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། པེ་ཅིང་གི་དུས་ཚོད་2025ལོའི་ཟླ་6ཚེས་17ཉིན། རང་རྒྱལ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས“ཕུགས་གྲུ”རྟགས་ཅན་གྱི་མི་བཞུགས་འཕུར་གྲུའི་དམའ་དབྱིངས་ནས་སྲོག་ཉེན་ལས་ཐར་ཐབས་ཀྱི་ཚོད་འཕུར་སྒྲིག་འཛུགས་དང་ལག་བསྟར་ལམ་ལྷོངས་བྱུང་བ་དེ་ཐོག་ནས། རང་རྒྱལ་གྱི་མི་བཞུགས་ཟླ་དཔྱད་ལས་གཞིའི་ཞིབ་བཟོའི་ལས་དོན་ལ་ཚད་བརྒལ་གསར་པ་གལ་ཆེན་བྱུང་བ་མཚོན་ཡོད་ཅིང་། དེ་ནི་1998ལོར་ལྷ་གྲུ་མི་བཞུགས་འཕུར་གྲུའི་དམའ་དབྱིངས་ནས་སྲོག་ཉེན་ལས་ཐར་ཐབས་ཀྱི་ཚོད་འཕུར་བྱས་ནས་ལོ་27སོང་རྗེས་རང་རྒྱལ་གྱིས་སླར་ཡང་ཚོད་ལྟ་དེ་རིགས་སྒྲིག་འཛུགས་དང་ལག་བསྟར་བྱས་པ་ཞིག་རེད།
ངོ་སྤྲོད་བྱས་པར་གཞིགས་ན། “ཕུགས་གྲུ”རྟགས་ཅན་གྱི་མི་བཞུགས་འཕུར་གྲུ་ནི་རང་རྒྱལ་གྱིས་རྗེས་མཐུད་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་འགན་ལ་ཕྱོགས་ནས་ཡོངས་སུ་རང་རྟེན་ཞིབ་སྤེལ་བྱས་པའི་རབས་གསར་པའི་བར་སྣང་དུ་འཕུར་སྐྱོད་བྱེད་པའི་མི་བཞུགས་སྐྱེལ་འདྲེན་འཕུར་གྲུ་ཞིག་རེད། འཕུར་གྲུའི་མ་ངོས་ལ་དཔེ་དུམ་ཅན་གྱི་ཇུས་འགོད་སྤྱད་ཡོད་པས། འཇིག་རྟེན་འཕུར་སྐྱོད་པ་མང་ཤོས་7བླུག་ཐུབ་ལ། འཕུར་གྲུ་ཧྲིལ་པོའི་ནུས་པ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་ལའང་སླེབས་ཀྱི་ཡོད།
“ཕུགས་གྲུ”རྟགས་ཅན་གྱི་མི་བཞུཌ་འཕུར་གྲུ་འདི་ཉིད་འབྱུང་འགྱུར་བར་སྣང་ས་ཚིགས་བཀོལ་སྤྱོད་འཕེལ་རྒྱས་དང་མི་བཞུགས་ཟླ་དཔྱད་སོགས་ལས་འགན་ལ་འདེགས་སྐྱོར་བྱེད་པའི་ལྟེ་བའི་མི་བཞུགས་འཕུར་སྐྱོད་འཕྲུལ་ཆས་ཞིག་ཏུ་འགྱུར་རྒྱུ་ཡིན་ཞིང་། ད་ཐེངས་ཀྱི་ཚོད་ལྟ་ལམ་ལྷོངས་བྱུང་བ་དེས་རྗེས་མཐུད་མི་བཞུགས་ཟླ་དཔྱད་ལས་འགན་ལ་ལག་རྩལ་གྱི་རྨང་གཞི་གལ་ཆེན་བཏིང་ཡོད།