འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་20ཉིན།

རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བ་ཝུའུ་ཐེན་དབྱི།

༄༅།།བྱམས་སེམས་ཆེན་པོ་བཅངས། ནད་ཀྱི་གདུང་བ་སེལ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་20ཉིན། 10:12】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ས་མཐོའི་ནད་འགོག་བཅོས་ལ་བརྩོན་ཞིབ་བྱེད་པ་ནས་ས་མཐོའི་ལུས་གསོ་འཚོལ་ཞིབ་བྱེད་པའི་བར་ལས་ལ་གཞོལ་བའི་མཚོ་སྔོན་ཞིང་ཆེན་ཀླད་སྙིང་ཁྲག་རྩའི་ཚན་ཁག་གི་ཞིབ་འཇུག་པ་དང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཝུའུ་ཐེན་དབྱི་ཡིས་ས་མཐོའི་གསོ་རིག་མེད་པ་ནས་ཡོད་པ་དང་། ཞན་པ་ནས་སྟོབས་ཆེར་བཏང་ནས་དཀའ་སྤྱད་འབད་བརྩོན་ཡུན་རིང་བྱས་པ་བརྒྱུད་མི་རྣམས་ལ་སྨན་དོན་ལས་དོན་པའི་བྱམས་སེམས་ཆེན་པོ་གང་ལེགས་མངོན་ཡོད། ད་ལོའི་ཟླ་5པར་ཝུའུ་ཐེན་དབྱི་ལ་སྐབས་དགུ་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བའི་གཟི་བརྗིད་མཚན་སྙན་ཐོབ་ཡོད།

   དུས་རབས་20པའི་ལོ་རབས་50པའི་ལོ་མཇུག་ཏུ་གཞོན་ནུ་མང་པོ་ཞིག་གིས་ཕུགས་འདུན་ཆེན་པོ་བཅངས་ནས་མཚོ་སྔོན་དུ་ཡོང་སྟེ་ས་མཐོའི་འཛུགས་སྐྲུན་ལ་གཞོལ་ཞིང་། དེ་དུས། ས་མཐོའི་ནད་ཀྱི་རྩ་བའི་ཤེས་བྱ་གསལ་པོ་ཤེས་ཀྱི་མེད་པས་འཛུགས་སྐྲུན་པ་མང་པོ་ཞིག་ལ་ས་མཐོའི་ནད་ཕོག་པ་མ་ཟད་ཐ་ན་ཚེ་སྲོག་ཀྱང་སྐྱེས་སུ་ཕུལ་ཡོད། “ས་མཐོའི་མང་ཚོགས་ལ་བདེ་ཐང་བསྐྲུན་མི་ཐུབ་ན། ས་མཐོར་འཛུགས་སྐྲུན་བྱས་ཀྱང་ཅི་ལ་ཕན”ཞེས་མཚོ་བོད་ས་མཐོར་སླེབས་མ་ཐག་པའི་ཝུའུ་ཐེན་དབྱི་ཡིས་རང་ཉིད་ཀྱིས་སྦྱངས་པའི་གསོ་རིག་ཤེས་བྱར་བརྟེན་ནས་ས་མཐོའི་གསོ་རིག་ལ་ཞིབ་འཇུག་ཡག་པོ་བྱ་རྒྱུའི་སེམས་ཐག་བཅད།

    ཝུའུ་ཐེན་དབྱི་ཡིས་མཚོ་བོད་ས་མཐོར་ཕོག་སླ་བའི་དོས་དྲག་དང་གཅོང་ནད་རིགས་ཀྱི་ས་མཐོའི་ནད་སྣ་ཚོགས་ལ་དམིགས་ནས་རིམས་ནད་རིག་པ་དང་། ན་ལུགས་ན་རྐྱེན་རིག་པ། ནད་ཐོག་གསོ་རིག་བཅས་ཀྱི་ཐད་བརྒྱུད་རིམ་ལྡན་པའི་ངང་ཞིབ་འཇུག་བྱས་ཤིང་། ཁོང་གིས་བཏོན་པའི་གཅོང་ནད་རིཌ་ཀྱི་མཐོ་ས་མ་འཕྲོད་པའི་ནད་ཚད་འབེབས་བརྟག་དཔྱད་ཚད་གཞི་དེ་རྒྱལ་སྤྱིའི་མཐོ་སའི་གསོ་རིག་མཐུན་ཚོགས་ཀྱིས་རྒྱལ་སྤྱིའི་ཚད་གཞིར་བརྩིས་ནས“མཚོ་སྔོན་གྱི་ཚད་གཞི”ཞེས་པའི་མིང་བཏགས་པ་དང་། 2005ལོར་རྒྱལ་སྤྱིའི་ཐོག་གཅིག་གྱུར་སྤྱོད་འགོ་ཚུགས་ནས་ས་མཐོའི་ནད་འགོག་བཅོས་བྱེད་པར་ལེགས་སྐྱེས་གཟེངས་སུ་ཐོན་པ་ཕུལ་ཡོད།

    ལྕགས་ལམ་པུའི་ས་མཐོའི་གསོ་རིག་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཙུའུ་ཀྲང་ཡིན་པའི་ཝུའུ་ཐེན་དབྱི་ཡིས་ངལ་ནུས་སྲུང་སྐྱོང་དང་ས་མཐོའི་ནད་འགོག་བཅོས་བྱེད་ཐབས་རབ་དང་རིམ་པ་བཟོས་པ་མ་ཟད། ཕྱོགས་ཡོངས་དང་ཚན་རིག་དང་མཐུན་པའི་འཕྲོད་བསྟེན་འགན་སྲུང་བྱེད་ཐབས་དང་མྱུར་སྐྱོབ་ཇུས་གཞི་ཡང་བཟོས་པ་དང་། ས་མཐོའི་ནད་ཀྱི་ནད་རྟགས་ངོས་འཛིན་བྱེད་ཐབས་དེ་ཚན་རིག་ཁྱབ་གདལ་གྱི་ལག་དེབ་ནང་བྲིས་ནས་ལམ་བཟོ་བ་ཚང་མར་སྤྲད་པ་རེད།

    ཁོང་རང་ཉིད་ནས་ཚན་ཞིབ་སྨན་བཅོས་དཔུང་ཁག་གི་རུ་སྣེ་ཁྲིད་དེ་རིར་འཛེགས་ནས་ལས་དོན་ལ་མཛུབ་ཁྲིད་བྱས་ནས། བོད་སྨན་གཙོ་བོར་བྱས་པའི་སྲོ་ལོ་དམར་པོ་སོགས་ཞིབ་འཇུག་གསར་སྤེལ་བྱས་པ་དང་། “མཐོ་གསུམ་དང་དམའ་གསུམ”གྱི་མྱུར་སྐྱོབ་བྱེད་ཐབས་བཏོན་ནས་དོས་དྲག་གི་ས་མཐོའི་ནད་ཕོག་ཚད་མཚོ་བོད་ལྕགས་ལམ་སྐྲུན་མ་ཐག་པའི་དུས་ཀྱི་9.8%ནས་ད་ལྟའི1%བར་ཆག་ཡོད།

     ཝུའུ་ཐེན་དབྱི་ཡིས། ས་མཐོའི་གསོ་བ་རིག་པ་ཟམ་མི་ཆད་པར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་མིག་སྔར་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་གྱི་འཐབ་ས་དང་པོར་དོས་དྲག་གི་ས་མཐོའི་ནད་དང་ཚབས་ཆེའི་ས་མཐོའི་ནད་ཕོག་མཁན་མངོན་གསལ་དོད་པོས་ཉུང་དུ་ཕྱིན་འདུག་ཅེས་བརྗོད།

     མི་ཚེ་ཧྲིལ་པོ་གསོ་རིག་གི་ལས་ལ་གཞོལ་བའི་ཝུའུ་ཐེན་དབྱི་ཡིས་དུས་ཚོད་མང་ཆེ་བ་རི་མཐོ་དང་། འཁྱཌ་རོམ། རྩྭ་ཐང་བཅས་སུ་སྤྱད་ཡོད། ལོ་འགའི་གོང་ཁོང་ལ་སྙིང་འཕར་རམ་འདེགས་ཡོ་ཆས་བསྒར་བ་རེད། “ཡག་པོ་འདུག ཡོ་ཆས་དེ་ཡོད་པས་ངས་མུ་མཐུད་ས་མཐོའི་ནད་ལ་ཞིབ་འཇུག་བྱེད་ཆོག་པར་བརྟེན་མི་ཚེ་གང་པོ་དེར་གཞོལ་རྒྱུ་ཡིན”ཞེས་བརྗོད།

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་6ཚེས་17ཉིན་གློག་འཕྲིན་འབྱོར་གསལ།