འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་19ཉིན།

སི་ཁྲོན་ཆུ་ཆེན་རྗོང་གིས་ཁྱད་ལྡན་ཞིང་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

༄༅།།ཤིང་ཏོག་ཞུའེ་ལི་བཏབ་པ་ལས་སྒོར་དུང་ཕྱུར་རིམ་པའི་ཐོན་ལས་འཁོར་འབྲེལ་ཆགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་19ཉིན། 10:59】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་གྱི་གསར་འགོད་པ། ཝང་ཡུང་ཀྲན།

     ན་ནིང་ས་གནས་དེས་ལས་སྣོན་བྱས་པའི་ཤིང་ཏོག་ཞུའེ་ལི་ཡི་ཐོན་རྫས་ཏུན་ཁྲི་1ལྷག་ཙམ་བཙོངས་པར་ཐོན་རྫས་རིན་ཐང་སྒོར་ཁྲི་2000ལྷག་ཙམ་ཟིན་ཡོད།

    མིག་སྔར་རྫོང་ཡོངས་སུ་ཁྱོན་ཤིང་ཏོག་ཞུའེ་ལི་མུའུ་ཁྲི་4.2བཏབ་པར་ལོ་རེར་ཐོན་འབབ་ཏུན་ཁྲི་3ལྷག་ཙམ་ཟིན་ནས། ཤིང་ཏོག་ཞུའེ་ལི་ཡི་ཐོན་ལས་ཀྱི་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་4.2ལྷག་ཙམ་ཟིན་ཡོད།

    སི་ཁྲོན་གྱི་ཆུ་ཆེན་རྗོང་ལ་མཚོན་ན་ཤིང་ཏོག་ལིར་དམིགས་བསལ་གྱི་དོན་སྙིང་ལྡན་ཞིང་། ཤིང་ཏོག་ལི་དང་འབྲེལ་བ་ཡོད་པའི་གཏམ་རྒྱུད་སྐོར་རྒྱུས་མངའ་ཡོང་ཆེད། གསར་འགོད་པ་ཐོག་མར་གོར་ཡུལ་ཤང་དུ་བསྐྱོད་པ་ཡིན།

     ཞོགས་པ་སྔ་པོར་ལི་སྡོང་འོག་མི་མང་པོ་བྲེལ་བརྩོན་ཆེན་པོས་ལས་ལ་གཞོལ་བཞིན་ཡོད་ཅིང་། ཅིན་ཅང་གྲོང་ཚོར་ཙེང་ཆན་ཡིའུ་དང་ནང་མི་ཚོ་ལི་སྡོང་ལ་སྐྱེ་ལྡན་ལུད་རྒྱག་བཞིན་འདུག ཤིང་ཏོག་ལི་བཏབ་ནས་ལོ་མང་སོང་བའི་བོད་རིགས་ཕོ་གསར་དེས་ད་ལོ་སླར་ཡང་སྣ་ཁ་བརྒྱད་དགུ་ཙམ་གྱི་ཤིང་ཏོག་ཞུའེ་ལི་མུའུ་20ལྷག་ཙམ་བཏབ་ཡོད།

    ཤིང་ཏོག་ལི་འདེབས་པའི་སྐོར་བརྗོད་སྐབས་ཙེང་ཆན་ཡིའུ་ལ་མྱོང་ཚོར་ཟབ་མོ་ཡོད་ཅིང་། ཁོང་གིས“དགུན་དུས་དགུན་སྒྲོལ་ཆུ་གཏོང་དགོས་པ་དང་། དཔྱིད་ཀ་ཤར་རྗེས་འབྲས་ཤིང་གི་ཤུན་པ་བཤུ་དགོས་པ་མ་ཟད། ད་དུང་འབྲས་ཤིང་ལྡུམ་ར་གཙང་མ་བཟོ་བ། རྡོ་ཕྱེ་བཤོས་ནས་ནད་འབུ་སྔོན་འགོག་དང་འབྲས་ཤིང་ལ་ཡལ་གཅོད་རྒྱག་པ་སོགས་བྱེད་དགོས་ཀྱི་ཡོད། འདི་ནི་རིགས་གཅིག་མཁས་ཅན་གྱིས་བརྒྱུད་ཁྲིད་བྱས་པའི་ཤིང་ཏོག་ཞུའེ་ལི་ཚད་ལྡན་ཅན་གྱི་འདེབས་འཛུགས་ཀྱི‘གཡོག་བྱེད་བྱ་ཐབས་5’དེ་རེད། ད་ཆ། ཡུལ་དེ་གའི་མི་རིགས་མི་འདྲ་བའི་ཤིང་ཏོག་ཞུའེ་ལི་འདེབས་འཛུགས་དུད་ཚང་ཚང་མས་ལག་རྩལ་འདིའི་གནད་འགག་ཁོང་དུ་ཆུད་ཡོད”ཅེས་བརྗོད།

     ཤིང་འབྲས་འདེབས་མཁས་པ་མ་ཟད་དེ་བས་འཚོང་མཁས་པ་དགོས་ཤིང་། ཉེ་བའི་ལོ་ཤས་རིང་། ཙེང་ཆན་ཡིའུ་ཁྱིམ་གྱི་ཤིང་ཏོག་ཞུའེ་ལི་ཡི་ཚོང་ལམ་ཇེ་རྒྱུག་ཏུ་ཕྱིན་ཡོད། ཤིང་འབྲས་སྨིན་མ་ཐག་ཁོང་གིས་མྱུར་སྐྱེལ་བརྒྱུད་དྲ་ཐོག་ནས་ཉོ་མཁན་ཚོར་བསྐུར་གྱི་ཡོད། ཤིང་ཏོག་ཞུའེ་ལི་འབོར་ཆེན་ཁྲོམ་རར་བཏོན་རྗེས། ཙེང་ཆན་ཡིའུ་ཡིས་ཤིང་ཏོག་ཚོང་མཁན་ནམ་ཡང་ན་ལས་སྣོན་བཟོ་གྲྭར་ཤིང་ཏོག་ཞུའེ་ལི་འཚོང་གི་ཡོད། ན་ནིང་། ཁོང་གི་ཁྱིམ་གྱིས་ཤིང་ཏོག་ཞུའེ་ལི་རྒྱ་མ་ཁྲི་3ལྷག་ཙམ་ཉེ་འགྲམ་གྱི་ཆུ་ཆེན་ཤིང་ཏོག་ཞུའེ་ལི་ཤིང་འབྲས་ལས་རིགས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིར་བཙོངས་པ་རེད།

     “ན་ནིང་ང་ཚོས་ཤིང་ཏོག་སོས་པ་ཏུན་4900ལྷག་ཙམ་ཉོས་པ་ཡིན”ཞེས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཐན་ལེང་གིས་ངོ་སྤྲོད་བྱས་ཤིང་། ཁོང་གིས། ཀུང་སིས་ཤིང་ཏོག་ལི་ཉོ་སྐབས་ས་གནས་དེ་གའི་སྲིད་གཞུང་གིས་ད་དུང་ཤིང་འབྲས་འདེབས་མཁན་ཞིང་པར་རྒྱ་མ་རེར་སྒོར་0.6གི་བྲིན་ཚོང་ཁ་གསབ་སྤྲད་ཡོད་ཅེས་བརྗོད། བསྡོམས་རྩིས་ལ་གཞིགས་ན། ན་ནིང་ས་གནས་དེས་ལས་སྣོན་བྱས་པའི་ཤིང་ཏོག་ཞུའེ་ལི་ཡི་ཐོན་རྫས་ཏུན་ཁྲི་1ལྷག་ཙམ་བཙོངས་པར་ཐོན་རྫས་རིན་ཐང་སྒོར་ཁྲི་2000ལྷག་ཙམ་ཟིན་ཡོད།

     ཟུར་སྣོན་རིན་ཐང་ཆེ་རུ་གཏོང་བར་ད་དུང་ཤིང་ཏོག་ཞུའེ་ལིའི་ཐོན་རྫས་ཐག་རིང་ལ་དེ་བས་ཧུར་ཐག་འཚོང་དགོས་ཤིང་། ཆུ་ཆེན་རྫོང་གློག་རྡུལ་ཚོང་དོན་ཐོན་ལས་གླིང་དུ། ཆུ་ཆེན་གཉིས་གཅིག་དགུ་གསུམ་བཟའ་བཅའ་ཚད་ཡོད་ཀུང་སིས་ན་ནིང་ཤིང་ཏོག་ཞུའེ་ལི་ཡི་ཐོན་རྫས་བཙོངས་བར་སྒོར་ཁྲི་1000ལྷག་ཙམ་ཟིན་ཡོད། བྲིན་ཚོང་གི་ཉམས་མྱོང་སྐོར་གླེང་སྐབས། ཀུང་སིའི་འགན་འཁུར་བ་ཧན་མེས“དྲ་ཕྱིར་ང་ཚོར་ཆེད་ཚོང་ཁང་ཡོད་པ་དང་། དྲ་ཐོག་ཏུ་ང་ཚོས་ད་དུང་དྲ་ཐོག་ཚོང་དོན་ལས་སྟེགས་བརྒྱུད་འཚོང་གི་ཡོད”ཅེས་ངོ་སྤྲོད་བྱས།

     ལི་ཤིང་ལྡུམ་ར་མཛེས་ལྗོངས་ཁུལ་ལ་འགྱུར་བར་སྐུལ་འདེད་བཏང་བས། ཤིང་ཏོག་ལིའི་ཐོན་ལས་དེ་ཞིང་ལས་ཡུལ་སྐོར་མཉམ་འདྲེས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད། ལུའུ་ཞན་པིང་ཤིང་ཏོག་ར་བ་དང་ཐག་ཉེ་བའི་རི་ལྡེབས་སུ། དམངས་སྲོལ་གནས་ཚང་ཞིག་ལས་མཇུག་འགྲིལ་ཉེར་ཡོད། ད་ཆ་ཆུ་ཆེན་རྫོང་ཤིང་ཏོག་ལི་ཡི་དེང་རབས་ཞིང་ལས་གླིང་དུ་ཞིང་དུད་སྤྲོ་སྐྱིད་ཁང་དང་ཡུལ་སྐོར་དམངས་སྲོལ་གནས་ཚང་སོགས་70ལྷག་ཙམ་ཡོད། ད་ལོའི་ཟླ་3པར་ཆུ་ཆེན་རྫོང་གི་ལི་ཤིང་མེ་ཏོག་དུས་ཆེན་རིང་། ས་གནས་དེ་གས་ཡུལ་སྐོར་བ་མི་ཐེངས་ཁྲི་51ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད།

     “ང་ཚོས་ཤིང་ཏོག་ཞུའེ་ལི་སྤུས་རྟགས་ཅན་དང་། ལི་ཤིང་ལྡུམ་ར་མཛེས་ལྗོངས་ཁུལ། ཤིང་ཏོག་ལི་ཐོན་ལས་ཅན་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ཐོན་ལས་གསུམ་པོ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་བྱས་ཏེ། ཤིང་ཏོག་ལིའི་ཐོན་ལས་ཐོན་སྐྱེད་ལས་སྣོན་ཕྱིར་འཚོང་དང་ཡུལ་སྐོར་ཉོ་སྒྲུབ་རོལ་རྩེད་ཀྱི་ཐོན་ལས་ཧྲིལ་པོ་འབྲེལ་མཐུད་ཐུབ་པ་བྱེད་ཀྱི་ཡིན”ཞེས་ཆུ་ཆེན་རྫོང་ཚན་རིག་ལག་རྩལ་དང་ཞིང་ལས་འབྲོག་ལས་ཅུས་ཀྱི་ཅུས་ཀྲང་ཚེ་རིང་གིས་ངོ་སྤྲོད་བྱས་པ་དང་། ཁོང་གིས། མིག་སྔར་རྫོང་ཡོངས་སུ་ཁྱོན་ཤིང་ཏོག་ཞུའེ་ལི་མུའུ་ཁྲི་4.2བཏབ་པར་ལོ་རེར་ཐོན་འབབ་ཏུན་ཁྲི་3ལྷག་ཙམ་ཟིན་ནས། ཤིང་ཏོག་ཞུའེ་ལི་ཡི་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་4.2ལྷག་ཙམ་ཟིན་ཡོད་ཅེས་བརྗོད་པ་རེད།