གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་19ཉིན། 10:57】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ནས་ཤེས་རྟོགས་བྱུང་བར། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་བཙུགས་ནས་ལོ་ངོ་100འཁོར་བ་དང་མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་བཙུགས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུ་ཆེད། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལོ་གསུམ་ཙམ་གྱི་དུས་ཚོད་སྤྱད་ནས་རྩོམ་འབྲི་བྱས་པའི《མཚོ་སྔོན་གྱི་བཟོ་པའི་ལས་འགུལ་ལོ་རྒྱུས》དེབ་དེ་ཀྲུང་གོ་བཟོ་པའི་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།
དཔེ་དེབ་དེ་ནི་མཚོ་སྔོན་ཞིང་ཆེན་གྱི་བཟོ་པའི་ལས་འགུལ་དང་བཟོ་ཚོགས་ལས་དོན་གྱི་ལོ་རྒྱུས་བརྒྱུད་རིམ་ལྡན་པའི་ངང་ཡིག་ཐོག་ཏུ་བཀོད་པའི་ཆེད་རྩོམ་དང་པོ་དེ་ཡིན་ཞིང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མཚོ་སྔོན་གྱི་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་རྩ་འཛུགས་ཀྱིས་དཀའ་སྤྱད་འབད་འཐབ་དང་། མཐུན་སྒྲིལ་འབད་འཐབ། འབད་འཐབ་ལྷོད་མེད་བཅས་བྱས་པའི་ལོ་རྒྱུས་དང་། དེ་བཞིན་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་རྒྱལ་ཁ་རླབས་པོ་ཆེ་ལེན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་ལེགས་སྒྲུབ་དང་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་ཕུལ་བའི་ལེགས་སྐྱེས་གལ་ཆེན་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བླང་བྱ་བཏོན་དོན། ཞིང་ཆེན་ཡོངས་ཀྱི་རིམ་ཁག་བཟོ་ཚོགས་ཀྱིས་ལོ་རྒྱུས་དེབ་དེ་ཡག་པོ་སྤྱད་ནས་མཚོ་སྔོན་གྱི་བཟོ་པའི་ལས་འགུལ་ལོ་རྒྱུས་ཡག་པོ་བརྗོད་པ་དང་། མཚོ་སྔོན་བཟོ་ཚོགས་ཀྱི་སྐད་སྒྲ་ཁྱབ་སྤེལ་ཡག་པོ་གཏོང་བ། ལོ་རྒྱུས་སྦྱངས་ནས་གནད་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་བྱེད་པ། རྒྱ་ཆེའི་ལས་བཟོར་མཐུན་སྒྲིལ་སྐུལ་སློང་གིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད། མཚོ་སྔོན་གྱི་བཟོ་པའི་ལས་འགུལ་བྱ་གཞག་གི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས།