འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་19ཉིན།

༄༅།།ཞི་ཅིན་ཕིང་གིས་ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལུའོ་ཧྥུའུ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་19ཉིན། 10:52】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨ་སི་ཐ་ན་ནས་ཟླ་6ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ནར་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པར་ཞུགས་རིང་ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལུའོ་ཧྥུའུ་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཕྱི་འབྲེལ་བཙུགས་ནས་ལོ་33སོང་རིང་། ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་འབྲེལ་བ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད།

    ད་ལོའི་ཟླ་2པར་ང་ཚོ་པེ་ཅིང་དུ་ཞལ་འཛོམས་བྱུང་བར་གྲུབ་འབྲས་ཐོབ་སྟེ། ཐུན་མོང་གི་ངོས་འཛིན་གལ་ཆེན་རབ་དང་རིམ་པ་བྱུང་ནས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་སྟོབས་དང་ལྡན་པའི་སྒུལ་ཤུགས་གསར་པ་བསྣན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁེར་གྷི་སི་ཐན་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་ཏུ་མུ་མཐུད་གཏོང་བ་དང་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་རེས་བྱས་ཏེ་ཕྱོགས་གཉིས་པོའི་ཐུན་མོང་དང་ཕུགས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་ཡག་པོ་བྱེད་འདོད་ཡོད།

     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཁེར་གྷི་སི་ཐན་དབར་མཉམ་ལས་བྱེད་རིན་ཆེན་པོ་ཡོད་ཅིང་། ཕྱོགས་གཉིས་པོས་ཚོང་དོན་དང་མ་འཇོག་གི་གཞི་ཁྱོན་རྒྱ་ཆེར་དང་དངུལ་རྩའི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས་པ་དང་། ཕན་ཚུན་འབྲེལ་མཐུད་ཀྱི་དྲ་རྒྱ་འཐུས་སྒོ་ཚང་དུ་བཏང་ནས་ཀྲུང་གོ་དང་། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་འཛུགས་སྐྲུན་ལ་སྤུས་ཚད་མཐོན་པོས་སྐུལ་འདེད་གཏོང་དགོས་པ། གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་བཏང་སྟེ། ནུས་རྒྱུ་གཙང་མ་དང་། ལྗང་མདོག་གཏེར་ཐོན། མི་ཐབས་རིག་ནུས་སོགས་ཐད་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་དགོས་པ། རིག་གནས་དང་། ཡུལ་སྐོར། སློབ་གསོ། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་གཏིང་ཟབ་ཏུ་བཏང་ནས་དམངས་ཕན་རྣམ་གྲངས་དེ་བས་མང་བ་ལག་བསྟར་བྱེད་དགོས་པ་བཅས་རེད། ཀྲུང་གོ་དང་ཁེར་གྷི་སི་ཐན་རྒྱལ་ཁབ་གཉིས་ཀ་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ཕན་པ་ཐོབ་མཁན་ཡིན་པས། ཐུན་མོང་ཐོག་ཕྱོགས་རྐྱང་རིང་ལུགས་ལ་ངོ་རྒོལ་དང་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་ལམ་ལ་སྲུང་སྐྱོང་བརྟན་པོ་བྱས་ཏེ་དེ་བས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་པོས་སྔ་རྗེས་སུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་དང་འབྲེལ་དབུ་ཚོགས་གཙོ་གཉེར་བྱ་རྒྱུ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཁེར་གྷི་སི་ཐན་ཕྱོགས་དང་རྒྱབ་སྐྱོར་བྱེད་རེས་བྱས་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད།

     ཀྲ་ཕཱ་ལུའོ་ཧྥུའུ་ཡིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཕུལ་དུ་བྱུང་བའི་འགོ་ཁྲིད་འོག་ཀྲུང་གོས་དར་རྒྱས་སྟོབས་འབྱོར་ལྡན་པའི་འགྲོ་ལམ་བརྒྱུད་འབད་བརྩོན་ཆེན་པོས་མདུན་སྐྱོད་བྱས་པར་འཕེལ་རྒྱས་ཀྱི་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ་དང་རྒྱལ་སྤྱིའི་གར་སྟེགས་ཐོག་འགག་རྩའི་ཁྲིད་སྟོན་ནུས་པ་འདོན་བཞིན་ཡོད། ཁེར་གྷི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གཉིས་ཕན། ཁྱིམ་མཚེས་མཛའ་གྲོགས་བཅས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་མཐོང་ཆེན་བྱེད་པ། ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བ། རྣམ་པ་གང་རུང་གི“ཐའེ་དབན་རང་བཙན”ལ་ངོ་རྒོལ་བྱེད་པ། ཕྱོགས་གཏོགས་གང་རུང་གིས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བཅས་བྱེད་ཀྱི་ཡོད། ཀྲུང་གོ་ནི་ཁེར་གྷི་སི་ཐན་གྱི་ཚོང་དོན་དང་མ་འཇོག་རོགས་ཟླ་ཆེ་ཤོས་ཡིན་པས། ཁེར་གྷི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཁེར་གྷི་སི་ཐན་དུ་བྱ་གཞག་གཏོད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་དང་ཀྲུང་གོ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་འཛུགས་སྐྲུན་སོགས་རྣམ་གྲངས་ལག་བསྟར་ཡག་པོ་བྱས་ཏེ་ནུས་རྒྱུ་དང་ལྗང་མདོག་གཏེར་ཐོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་ཡག་པ་སྐྲུན་འདོད་ཡོད། ཁེར་གྷི་སི་ཐན་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་པ་དང་ཀྲུང་གོ་ཕྱོགས་དང་མཉམ་དུ་ལག་ལེན་བསྟར་ནས་མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་བཅས་ཁྲོད་མཐུན་སྦྱོར་དང་མཉམ་ལས་དམ་ཟབ་བྱས་ཏེ་ས་ཁུལ་དང་འཛམ་གླིང་གི་བདེ་འཇགས་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་འདོད་ཡོད།

     མཇལ་འཛོམས་གནང་གྲུབ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཞིང་ལས་དང་། འགག་སྒོ ཚན་རྩལ། སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོ་ཞིག་ལ་མིང་རྟགས་འགོད་རྒྱུའི་ཁྱབ་བསྒྲགས་བྱས་པར་ལྷན་དུ་བདེན་དཔང་གནང་བ་རེད།

    ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།