གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་19ཉིན། 10:51】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨ་སི་ཐ་ན་ནས་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ན་རུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པར་ཞུགས་རིང་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ན་ནིང་ངས་ཐ་ཇིག་སི་ཐན་ལ་རྒྱལ་དོན་འཚམས་འདྲི་བྱེད་སྐབས་ང་ཚོས་མཉམ་དུ་ཀྲུང་གོ་དང་ཐ་ཇིག་སི་ཐན་གྱི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་འབྲེལ།
རྒྱལ་ཁབ་གཉིས་པོའི་ཕྱོགས་མང་མཉམ་ལས་ཐད་འཆར་འགོད་དང་བཀོད་སྒྲིག་གསར་པ་བྱས་པས། ཕྱོགས་གཉིས་པོས་དོན་འཁྱོལ་ལ་དམ་འཛིན་བྱེད་པ་དང་དངོས་སྒྲུབ་ཀྱི་གྲུབ་འབྲས་དེ་བས་མང་བ་ཐོབ་པར་བྱས་ཏེ་སྤུས་ཚད་མཐོན་པོས་ཀྲུང་གོ་དང་ཐ་ཇིག་སི་ཐན་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཐ་ཇིག་སི་ཐན་གྱི་ཡིད་ཆེས་རུང་བའི་ཁྱིམ་མཚེས་དང་རོགས་ཟླ་ཡིན་པའི་ཀྲུང་གོས་ཐ་ཇིག་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་རང་བཙན་དང་། བདག་དབང་། བདེ་འཇགས་བཅས་ལ་སྲུང་སྐྱོང་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་ཀྲུང་གོ་དང་ཐ་ཇིག་སི་ཐན་གྱི་ཕྱི་འབྲེལ་དཔོན་གྱི་འཐབ་ཇུས་གླེང་མོལ་ལམ་སྲོལ་གྱི་ནུས་པ་ཡག་པོ་བཏོན་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་པོའི་ཚོང་དོན་དང་མ་འཇོག་གི་གཞི་ཁྱོན་ཆེ་རུ་གཏོང་བ་དང་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་ཕན་ཚུན་འབྲེལ་མཐུད་ཀྱི་ཆུ་ཚད་མཐོ་རུ་རྒྱུན་མཐུད་གཏོང་དགོས། ཁུང་ཙི་སློབ་གླིང་དང་། ལུའུ་པན་བཟོ་ཁང་། ཀྲུང་ལུགས་གསོ་རིག་ལྟེ་གནས་བཅས་ཀྱི་ནུས་པ་གང་ལེགས་བཏོན་ཏེ་ད་ལོའི་སྟོན་ཁར་ཐ་ཇིག་སི་ཐན་དུ་འཚོག་རྒྱུའི“ཀྲུང་གོའི་རིག་གནས་ཉིན་མོ”ཡག་པོ་གཉེར་དགོས། ཁྲིམས་སྒྱུར་བདེ་འཇགས་མཉམ་ལས་སྔར་བས་ཟབ་ཏུ་བཏང་སྟེ“ངན་ཤུགས་གསུམ”ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་དགོས། ཀྲུང་གོ་དང་ཐ་ཇིག་སི་ཐན་ཕྱོགས་གཉིས་ལ་ཕྱོགས་མང་རིང་ལུགས་སྲུང་སྐྱོང་དང་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་ལམ་སྲུང་སྐྱོང་བྱེད་པའི་ཐད་ཐུན་མོང་གི་ཁེ་ཕན་ལྡན་ཡོད་པས། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་སོགས་ཕྱོགས་མང་ལམ་སྲོལ་ཁྲོད་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཐ་ཇིག་སི་ཐན་ཕྱོགས་ཀྱིས་རྒྱལ་སྤྱིའི་གནམ་གཤིས་བཅོས་སྐྱོང་ཁྲོད་ནུས་པ་གལ་ཆེན་བཏོན་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད།
ལཱ་ཧོ་མོང་གིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་པ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ནུས་པ་གལ་ཆེན་བཏོན་ཡོད། ན་ནིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐ་ཇིག་སི་ཐན་དུ་ལོ་རྒྱུས་རང་བཞིན་གྱི་རྒྱལ་དོན་འཚམས་འདྲི་གནང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་མདུན་ལྗོངས་གསར་པ་བཏོད་དེ་ཐ་ཇིག་སི་ཐན་དང་ཀྲུང་གོའི་འཐབ་ཇུས་མཉམ་ལས་ཆུ་ཚད་གསར་པ་ཞིག་ཏུ་མཐོར་འདེགས་གནང་ཡོད། ཕྱོགས་གཉིས་པོས་འཚམས་འདྲིའི་གྲུབ་འབྲས་དོན་འཁྱོལ་ཧུར་ཐག་བྱེད་བཞིན་ཡོད་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ཚ་ཚ་འུར་འུར་ངང་བྱེད་བཞིན་ཡོད། ཐ་ཇིག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་ནས་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། ཚོང་དོན་དང་། མ་འཇོག ཞིང་ལས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ནུས་རྒྱུ་གསར་པ་དང་། ལྗང་མདོག་ཐོན་ལས། མི་ཐབས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་བཏང་ནས་ཐ་ཇིག་སི་ཐན་གྱི“ཀྲུང་གོའི་རིག་གནས་ཉིན་མོ”ཡག་པོ་གཉེར་བ། ཁྲིམས་སྒྱུར་བདེ་འཇགས་མཉམ་ལས་ཟབ་ཏུ་གཏོང་བ། མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་ལ་སྐུལ་འདེད་གཏོང་བར་ནུས་པ་དེ་བས་ཆེ་བ་འདོན་པ་བཅས་བྱེད་འདོད་ཡོད།
མཇལ་འཛོམས་གནང་གྲུབ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱི་འབྲེལ་དང་། དཔལ་འབྱོར་ཚོང་དོན། འགྲིམ་འགྲུལ། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་ཡིག་ཆ་མང་པོ་ཞིག་ལ་མིང་རྟགས་འགོད་རྒྱུའི་ཁྱབ་བསྒྲགས་བྱས་པར་ལྷན་དུ་བདེན་དཔང་གནང་བ་རེད།
ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།