གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་19ཉིན། 10:50】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཨ་སི་ཐ་ན་ནས་ཟླ་6ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོང་ཁྱེར་ཨ་སི་ཐ་ནར་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པར་ཞུགས་རིང་ཏུར་མེན་སི་ཐན་གྱི་ཙུང་ཐུང་པེར་ཏེ་མུའུ་ཧ་མེ་ཏོ་ཧྥུའུ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཏུར་མེན་སི་ཐན་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་པོ་དང་། མཉམ་ལས་བྱེད་འདོད་ཆེན་པོ། གསབ་རེས་ཀྱི་ལེགས་ཆ་ཡག་པོ་བཅས་ཡོད།
ཀྲུང་གོ་ཕྱོགས་ཀྱིས་ཏུར་མེན་སི་ཐན་ཕྱོགས་དང་མཉམ་དུ་ཕན་ཚུན་བརྩི་འཇོག་དང་མཉམ་ལས་གཉིས་ཕན་གྱི་རྨང་གཞིའི་ཐོག་མཉམ་ལས་ཀྱི་མངོན་མེད་སྟོབས་ཤུགས་གང་ལེགས་བཏོན་ནས། རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་གཏིང་ཟབ་ཚད་དང་། རྒྱ་ཆེ་ཚད། གཞི་ཁྱོན་བཅས་ཕྱོགས་ཡོངས་ནས་རྒྱ་སྐྱེད་བཏང་སྟེ། ཀྲུང་གོ་དང་ཏུར་མེན་སི་ཐན་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང“དར་གོས་ལམ་བུ་བསྐྱར་དར”གྱི་འཐབ་ཇུས་འབྲེལ་མཐུད་དོན་འཁྱོལ་ཡག་པོ་བྱས་ནས། རྒྱལ་ཁབ་གཉིས་པོའི་རང་བྱུང་སོལ་རླངས་ཀྱི་མཉམ་ལས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ་དང་། ཐོན་ཁུངས་མིན་པའི་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བ། ཚོང་དོན་གྲུབ་ཆ་ལེགས་སུ་གཏོང་བ་བཅས་བྱས་ཏེ། ས་ཁུལ་མཉམ་སྦྲེལ་མཉམ་མཐུད་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། རིག་གནས་ལོ་གཉེར་བའི་རྨང་གཞིའི་ཐོག་མི་ཆོས་རིག་གནས་སྤེལ་རེས་བྱེད་སྒོ་དེ་བས་མང་པོ་སྤེལ་བ་དང་། ཕན་ཚུན་རིག་གནས་ལྟེ་གནས་གང་མགྱོགས་བཙུགས་ནས་དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་གཏོང་དགོས། ཁྲིམས་སྒྱུར་བདེ་འཇགས་དང་འགོག་སྲུང་ལས་དོན་གྱི་མཉམ་ལས་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། “ངན་ཤུགས་གསུམ”ལ་ཐུན་མོང་ཐོག་རྡུང་རྡེག་བཏང་ནས་དྲ་རྒྱའི་བདེ་འཇགས་མཉམ་ལས་ཆུ་ཚད་མཐོ་རུ་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོས་ཁྱིམ་མཚེས་རྒྱལ་ཁབ་དབར་འཆམ་མཐུན་དང་། བདེ་འཇགས། འབྱོར་ཕྱུག་བཅས་ཡོང་བ་དང་། མཛའ་མཐུན་དང་། ལྷག་བསམ། ཕན་སྦྱར། བསྟུན་མཁས་བཅས་ཀྱི་འདུ་ཤེས་དང་བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུ་ལས་སྟེགས་གཙོ་བོར་བྱས་ཏེ་ཏུར་མེན་སི་ཐན་ཚུད་པའི་མཐའ་འཁོར་རྒྱལ་ཁབ་དང་ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་ཀྱི་ཡིན། ཏུར་མེན་སི་ཐན་ཕྱོགས་འཛམ་གླིང་ཚོང་དོན་རྩ་འཛུགས་ལ་ཞུགས་པ་དང་ཨ་ཧྥུ་ཀ་ནི་སི་ཐན་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་དཔོན་གྱི་ཚོགས་འདུ་ཐེངས་ལྔ་པ་ཡག་པོ་འཚོག་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། ཡུན་རིང་བར་གནས་རྒྱལ་ཁབ་ཡིན་པའི་ཏུར་མེན་སི་ཐན་གྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་དགེ་མཚན་ལྡན་པའི་ནུས་པ་དེ་བས་ཆེ་བ་འདོན་པ་མཐོང་འདོད་ཡོད། ཏུར་མེན་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་མཐུན་སྦྱོར་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་ལ་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད།
པེར་ཏེ་མུའུ་ཧ་མེ་ཏོ་ཧྥུའུ་ཡིས་གསུངས་དོན། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་འཚོག་རིང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཞལ་འཛོམས་བྱུང་བར་ཧ་ཅང་དགའ་པོ་བྱུང་། དབུ་ཚོགས་ཀྱིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་ཀྲུང་གོའི་མཉམ་ལས་ལ་སྐུལ་མ་ཐེབས་རྒྱུ་མ་ཟད། ཏུར་མེན་སི་ཐན་དང་ཀྲུང་གོ་ཕྱོགས་གཉིས་པོའི་མཉམ་ལས་ལ་ཡང་སྐུལ་མ་ཐེབས་པའི་ཡིད་ཆེས་ཡོད། ཏུར་མེན་སི་ཐན་དང་ཀྲུང་གོའི་འབྲེལ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏིང་ཟབ་ཕྱིན་པ་དེར་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཏུར་མེན་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་དབར་གྱི་མཉམ་ལས་ཕྱོགས་ཡོངས་ནས་རྒྱ་སྐྱེད་གཏོང་བ་དང་། ཀྲུང་གོར་རང་བྱུང་སོལ་རླངས་ཕྱིར་གཏོང་བྱེད་མང་དུ་གཏོང་བ། འཕྲུལ་ཆས་བཟོ་སྐྲུན་དང་འཁལ་འཐག་སོགས་ཐོན་ཁུངས་མིན་པའི་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་ཟབ་ཏུ་གཏོང་བ། མཉམ་སྦྲེལ་མཉམ་མཐུད་ལ་ཤུགས་སྣོན་རྒྱག་པ། སློབ་གསོ་དང་རིག་གནས་སོགས་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ། ཁྲིམས་སྒྱུར་བདེ་འཇགས་ཐད་མཉམ་ལས་དམ་ཟབ་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་ལས་སྟེགས་སུ་ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་འདོད་ཡོད།
མཇལ་འཛོམས་གནང་གྲུབ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དབར་དཔལ་འབྱོར་ལག་རྩལ་གྱི་མཉམ་ལས་ཆོད་ཡིག་ལ་མིང་རྟགས་འགོད་རྒྱུའི་ཁྱབ་བསྒྲགས་བྱས་པར་ལྷན་དུ་བདེན་དཔང་གནང་བ་རེད།
ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།