གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་19ཉིན། 10:49】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨ་སི་ཐ་ན་ནས་ཟླ་6ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ནར་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པར་ཞུགས་རིང་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཧྥུའུ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ན་ནིང་ང་ཚོས་པེ་ཅིང་དང་ཨ་སི་ཐ་ནར་ཐུག་འཕྲད་ཐེངས་གཉིས་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་འཐབ་ཇུས་འཆར་འགོད་བྱས་པར། ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཁྱབ་ཁོངས་ཁག་གི་མཉམ་ལས་ཐད་ཕྱོགས་ཡོངས་ལ་ཁྱབ་པ་དང་ཉིན་རེ་བཞིན་ཡར་རྒྱས་འགྲོ་བའི་རྣམ་པ་བཟང་པོ་མངོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་རྣམ་གྲངས་དེ་བས་མང་བ་ལག་བསྟར་བྱས་ཏེ། རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་ལ་རམ་འདེགས་བྱས་ནས་ལག་གདང་སྦྲེལ་ཏེ་ནང་དོན་དང་གསོན་ཤུགས་དེ་བས་ཕྱུག་པའི་ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་དབར་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་གཉིས་པོས་ཚོང་དོན་རང་མོས་ཅན་དང་སྟབས་བདེ་ཅན་གྱི་བྱེད་ཐབས་དེ་བས་མང་བ་བཏོན་ནས། ཕྱོགས་གཉིས་ཀྱི་ཚོང་དོན་དང་མ་འཇོག་གཞི་ཁྱོན་རྒྱ་ཆེར་གཏོང་བ་དང་། ཀྲུང་ཁེར་ཨུ་དབར་གྱི་ལྕགས་ལམ་སྤུས་ཚད་མཐོ་པོས་སྐྲུན་པ། ཕྱོགས་བསྡུས་ཅན་གྱི་སྦྲེལ་མཐུད་རྣམ་པ་གཏོད་པ་བཅས་བྱས་ཏེ། མི་ཐབས་རིག་ནུས་དང་། ནུས་རྒྱུ་གསར་པ། རིག་ལྡན་ཞིང་ལས། སྤྱི་པའི་འཕྲོད་བསྟེན་སོགས་གསར་དར་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱ་སྐྱེད་གཏོང་དགོས་པ་དང་། ཕན་ཚུན་རིག་གནས་ལྟེ་གནས་འཛུགས་པར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། སློབ་གྲྭ་བརྒྱའི་མཉམ་ལས་གླེང་སྟེགས་སྐབས་གཉིས་པ་ཡག་པོ་གཉེར་བ། དབུལ་པོ་ཉུང་གཏོང་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་དམངས་སེམས་འབྲེལ་མཐུད་ལ་སྐུལ་འདེད་གཏོང་དགོས་པ། ཁྲིམས་སྒྱུར་བདེ་འཇགས་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ཐུན་མོང་ཐོག“ངན་ཤུགས་གསུམ”ལ་རྡུང་རྡེག་གཏོང་བ། ཉེན་ཁ་གསར་པ་དང་འགྲན་སློང་གསར་པར་ལག་གདང་སྦྲེལ་ནས་ཁ་གཏད་གཅོག་པ་བཅས་བྱས་ཏེ་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་པ། ཕྱོགས་གཉིས་པོས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་ལས་སྟེགས་ཀྱི་རོགས་ལས་ལ་ཤུགས་སྣོན་བརྒྱབ་ནས། ཐུན་མོང་ཐོག་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོབ་དང་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས།
སྨིར་ཅི་གཡོད་ཡེ་ཧྥུའུ་ཡིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་ནི་འཛམ་གླིང་གི་ཁྱད་དུ་འཕགས་པའི་ཆབ་སྲིད་མཁས་ཅན་ཞིག་ཡིན་ཞིང་། ཁོང་གིས་ཀྲུང་གོར་འགོ་ཁྲིད་གནང་ནས་གྲུབ་འབྲས་ཕུལ་དུ་བྱུང་བའི་རྒྱལ་ཁབ་ཕྱི་ནང་གི་སྲིད་ཇུས་ལག་བསྟར་གནང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་། ཀྲུང་གོའི་དཔལ་འབྱོར་དེ་འཛམ་གླིང་དཔལ་འབྱོར་གྱི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། དེང་གི་འཛམ་གླིང་གི་གནད་དོན་གལ་ཆེན་གང་རུང་ཞིག་ཐག་གཅོད་བྱེད་པར་ཀྲུང་གོ་དང་ཁ་འབྲལ་ཐབས་མེད། ཨུ་ཟ་བྷེ་ཁི་སི་ཐན་དང་ཀྲུང་གོ་ནི་སྤུན་ཟླ་ལྟར་རིམ་པ་ཁག་གི་འགྲོ་འོང་ཟབ་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་བྱེད་ཤུགས་ཆེ་བས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལོ་རྒྱུས་ཐོག་གི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད། ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་དབར་གྱི་མཛའ་གྲོགས་འབྲེལ་བར་གཅེས་འཛིན་བྱེད་པ་དང་ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ཨུ་ཟ་བྷེ་ཁི་སི་ཐན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒེར་སེམས་མེད་པའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱ་རྒྱུ་ཡིན། ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས། ཀྲུང་གོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཉམས་མྱོང་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཚོང་དོན་དང་མ་འཇོག་གི་གཞི་ཁྱོན་ཆེ་རུ་གཏོང་བ་དང་མཐོ་གསར་ལག་རྩལ་དང་། ཕན་ཚུན་སྦྲེལ་མཐུད། ཞིང་ལས། ལྗང་མདོག་ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཁྲིམས་སྒྱུར་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས“ངན་ཤུགས་གསུམ”ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་བཅས་བྱེད་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་ལ་དུས་རབས་ཀྱི་དོན་སྙིང་གལ་ཆེན་ལྡན་པས་ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ལག་ལེན་གཏིང་ཟབ་བསྟར་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ཐུན་མོང་ཐོག་སྲུང་སྐྱོང་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱས་ནས། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཀྱི་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་འདོད་ཡོད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མིག་སྔའི་དབུས་ཤར་ས་ཁུལ་གྱི་དུས་བབ་སྐོར་ལ་དགོངས་འཆར་བརྗེ་རེས་གནང་བ་རེད། ཞི་ཅིན་ཕིང་གིས་དབྱི་སི་རལ་གྱིས་དབྱི་རན་ལ་དམག་དོན་བྱ་སྤྱོད་སྤེལ་བས་དབུས་ཤར་ས་ཁུལ་གྱི་དུས་བབ་རིམ་བཞིན་ཛ་དྲག་ཏུ་ཕྱིན་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། ང་ཚོས་རྒྱལ་ཁབ་གཞན་གྱི་བདག་དབང་བདེ་འཇགས་དང་མངའ་ཁོངས་ཆ་ཚང་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་མཐའ་དག་ལ་ངོ་རྒོལ་བྱེད་ཀྱི་ཡོད། དམག་དོན་གྱི་གདོང་ཐུག་ནི་གནད་དོན་ཐག་གཅོད་བྱེད་ཐབས་ཤིག་མིན་པ་དང་ས་ཁུལ་གྱི་དུས་བབ་ཛ་དྲག་ཏུ་ཕྱིན་པ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་དང་མཐུན་གྱི་མེད། ཕྱོགས་ཁག་གིས་གདོང་ཐུག་མགྱོགས་མྱུར་ཞི་ལྷོད་དུ་འགྲོ་བར་སྐུལ་འདེད་བཏང་ནས་ཛ་དྲག་རྣམ་པ་ཇེ་ཆེར་མི་འགྲོ་བ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་འབད་བརྩོན་བྱས་ནས་དབུས་ཤར་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སླར་གསོ་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད་ཅེས་གསུངས་པ་རེད།
མཇལ་འཛོམས་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཨུ་ཟ་བྷེ་ཁི་སི་ཐན་འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་པའི་ཕྱོགས་གཉིས་ཀྱི་ཆོད་ཡིག་ལ་མིང་རྟགས་བཀོད་པ་ཁྱབ་བསྒྲགས་བྱས་པར་མཉམ་དུ་དཔང་པོ་གནང་བ་རེད།
ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།