འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་18ཉིན།

༄༅།།ས་གནས་ཁག་དང་སྡེ་ཚན་ཁག་གིས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ།སྤྱོད་ཚུལ་ལེགས་སུ་ཏན་ཏིག་བཏང་། དམངས་འཚོར་ཕན་པ་ཧུར་ཐག་འདོགས།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་18ཉིན། 15:03】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

“ལམ་སྒྲོན་གསར་པ་དཀར་ཆ་དོད་ཅིང་མིག་ལ་མཛེས་པས། དགོང་མོ་ཕྱི་ལ་འགྲོ་དུས་མུན་ནག་ཁྲོད་དུ་སྦར་ཉུལ་རྒྱག་མི་དགོས”ཞེས་གསར་དུ་བསྒར་བའི་ལམ་སྒྲོན་ལ་ལྟ་བཞིན་སི་ཁྲོན་ཞིང་ཆེན་ཕེང་ཤིས་རྫོང་ཁྲེ་ཁྲེང་གྲོང་རྡལ་གྱི་གྲོང་མི་ཀྲང་ལགས་ཀྱིས་གདོང་ལས་འཛུམ་མདངས་འཕྱུར་བཞིན་བཤད།

ཕེང་ཤིས་རྫོང་གིས་དམངས་འཚོའི་དཀའ་གནད་བསྡུ་རུབ་རྒྱ་ཁྱབ་བྱས་པ་དང་རིམ་རྩིས་བརྒྱབ་ན་འབྲེལ་ཡོད་རེ་ཞུ་128ལ་གྲལ་བཤེར་བྱས་པ་དང་ཆབས་ཅིག དག་ཐེར་གྱི་རྩིས་ཁྲ་བཟོས་ནས་ཤེས་འཕྲལ་དག་ཐེར་བྱས་རིགས་ཀྱི་གནད་དོན་ཉིན་ལྔའི་ནང་ཚུན་དུ་ཐོ་སུབ་པ་དང་དུས་བཀག་ལྟར་དག་ཐེར་བྱས་རིགས་ཀྱི་གནད་དོན་ཟླ་བ་གསུམ་ནང་ཚུན་དུ་ཐོ་སུབ་རྒྱུ་ཁ་གསལ་བཟོས་པ་རེད། ད་ཆ་གྲོང་ཁུལ་གཙོ་བོའི་མ་ལམ་6ལ་ལམ་སྒྲོན་སྒྱུར་བཀོད་ལེགས་གྲུབ་ཟིན་པ་དང་། ཁུལ་ཆུང་རྙིང་པ་200ལྷག་ཙམ་ལ་སྒོ་རའི་གློག་སྒྲོན་འཐོལ་པ་བསྒར་ཡོད།

ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་ཚུན། ས་གནས་ཁག་དང་སྡེ་ཚན་ཁག་གིས་མཁྲེགས་སར་གཏུག་ཕོད་པར་བྱས་ནས་གནད་དོན་བཤེར་འདོན་བྱེད་པ་དང་དངོས་འཛིན་དངོས་སྒྲུབ་ཀྱིས་དག་ཐེར་ལ་སྐུལ་འདེད་མཐའ་འཁྱོངས་བཏང་སྟེ། སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་དེ་དམངས་ཀྱི་སེམས་ཁྲལ་སེལ་བ་དང་དམངས་སེམས་དྲོད་པར་བྱེད་པའི་བྱ་སྤྱོད་དངོས་ལ་ཏན་ཏིག་བསྒྱུར་ཡོད།

ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གིས་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གི་ཚུར་ལན་བསམ་འཆར་དང་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུར་བཤེར་འདོན་བྱས་པའི་གནད་དོན་ཟུང་འབྲེལ་བྱས་ནས་གནད་དོན་གྱི་གསལ་ཐོ་དང་གཅིག་སྡུད་བཅོས་སྒྲིག་གི་རྩིས་ཁྲ་བཟོས་ཏེ། ཏང་སྲོལ་དང་། སློབ་སྲོལ། དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་སོགས་ཕྱོགས་10ཡི་མངོན་གསལ་དོད་པའི་གནད་དོན་བཤེར་འདོན་བྱས་པ་དང་། དག་ཐེར་བྱེད་ཐབས་ཁག་22བཟོས་ཏེ་འགན་འཁྲི་འཁུར་མཁན་འགོ་ཁྲིད་དང་འགན་འཁྲི་འཁུར་མཁན་སྡེ་ཚན་ཁ་གསལ་བཟོས་ནས་བཅོས་སྒྲིག་ཏན་ཏིག་བྱས་པ་རེད།

ཁྲུང་ཆིང་མཐོ་གསར་ཁུལ་གྱི་ཏང་དོན་ཨུ་ལྷན་དང་དོ་དམ་ཨུ་ལྷན་གྱི་འགོ་ཁྲིད་ཚན་ཁག་དང་ཁོངས་མིས་སྣེ་ཁྲིད་ནས་གནད་དོན་ཁག་48བཤེར་འདོན་བྱས་པ་དང་། རིམ་ཁག་འགོ་ཁྲིད་ཚན་པར་སྐུལ་ཁྲིད་བྱས་ཏེ་བྱ་ཐབས་སྣ་ཚོགས་བརྒྱུད་རིམ་རྩིས་བརྒྱབ་ན་གནད་དོན་ཁག་677བཤེར་འདོན་བྱས་པ་རེད། ཆུས་རིམ་པའི་ལས་དོན་ཆེད་སྒྲུབ་ཚན་ཁག་གིས་གཅིག་སྡུད་བཅོས་སྒྲིག་གི་གནད་དོན་ཁག་12ལ་དམིགས་ཏེ་གསལ་ཐོ་ཅན་དང་དོན་ཚན་ཅན་གྱི་བྱ་ཐབས་ཐོག་ནས་དག་ཐེར་དོན་འཁྱོལ་ལ་སྐུལ་འདེད་བཏང་བ་རེད།

ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་བྱེད་པར། ས་གནས་ཁག་དང་སྡེ་ཚན་ཁག་གིས་སྒོ་ཕྱེ་ནས་སློབ་གསོ་སྤེལ་བ་དེ་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ཤིང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས་མང་ཚོགས་ཀྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱས་པ་རེད།

ཉེ་ཆར། ཧྲན་ཏུང་ཞིང་ཆེན་ཀྲུའུ་ཁྲེང་གྲོང་ཁྱེར་གྱི་སྲིད་དོན་ཞབས་ཞུ་ལྟེ་གནས་ནས་གཏམ་བཟང་ཞིག་གྲགས་པ་སྟེ། ཡུལ་གཞན་དུ་གཞུང་དཔང་དཀའ་བའི་གྲོང་མི་ཀྲའོ་ལགས་ཀྱི་སེམས་ཁྲལ་བསལ་བ་དེ་རེད། ཀྲུའུ་ཁྲེང་གྲོང་ཁྱེར་གྱིས་མང་ཚོགས་ལ་འཕྲད་པའི“འགག་རྩའི་དོན་དག་ཆུང་ངུར”དམ་པོར་དམིགས་ཏེ། ས་ཆ་དངོས་སུ་བརྟག་ཞིབ་དང་ཏང་སྲོལ་སྲིད་སྲོལ་གྱི་ལྟ་སྐུལ་ཐད་སྦྲེལ་ཁ་པར་སོགས་ཀྱི་ཐབས་ལམ་བརྒྱུད་སློབ་གསོ་དང་། སྨན་བཅོས། འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་བསམ་འཆར་དང་གྲོས་འགོ་བསྡུ་རུབ་རྒྱ་ཁྱབ་བྱེད་ཀྱི་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་རང་འགུལ་ངང་རྩིས་ལེན་དང་གཅིག་སྡུད་བཅོས་སྒྲིག་གི་རྩིས་ཁྲར་བཅུག་སྟེ་བྱ་སྤྱོད་ངོ་མའི་ཐོག་ནས་དག་ཐེར་ལ་དམ་འཛིན་ཡག་པོ་དང་དམངས་ཀྱི་ཡིད་ཆེས་ཐོབ་པར་བྱས་པ་རེད།

སློབ་སྦྱོང་སློབ་གསོ་སྤེལ་ཚུན། སུའུ་ཆན་གྲོང་ཁྱེར་གྱིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་གཞི་རིམ་གྱི་མང་ཚོགས་དང་མཉམ་དུ་ཅི་འཕྲོས་མོལ་འཕྲོས་ཤོད་པ་དང་སེམས་ཁྲལ་བྱེད་པའི་དོན་དག་གླེང་ནས་ཏན་ཏན་ཏིག་ཏིག་གིས་དམངས་འཚོར་ཕན་པ་བཏགས་ཡོད། སུའུ་ཡུས་ཆུས་ཀྱིས་གྲོང་རྡལ་དང་གྲོང་ཚོ་ཨུ་ལྷན་གྱི་དོན་གྲོས་ལས་སྟེགས་རྒྱ་ཁྱབ་བསྐྲུན་པར་བསམ་འཆར་དང་གྲོས་འགོ་80ལྷག་ཙམ་འབྱོར་ཡོད། སི་དབྱང་རྫོང་གིས་ལས་ཐོག་ཏང་ཡོན་སྒྲིག་འཛུགས་ཀྱིས་ཁུལ་ཆུང་དུ་བསྐྱོད་དེ་འགལ་ཟླ་འདུམ་འགྲིག་དང་རྒན་སྐྱོར་སློབ་རོགས་སོགས་བྱེད་མཁན་གྱི་ཏང་ཡོན་གདོང་ལེན་རུ་ཁག་བཙུགས་ནས་འགྲོ་ལམ་རྙིང་ཟད་སོགས་ཀྱི་གནད་དོན་258ཐག་གཅོད་བྱེད་པར་སྐུལ་འདེད་བཏང་བ་རེད། སི་ཧུང་རྫོང་གིས“ཀྲི་པུའུ་ཁུལ་ཆུང་དུ་བསྐྱོད་པ་དང་ཏང་ཡོན་གྱི་མིག་དཔེ་འདོན་པའི”བྱ་སྤྱོད་སྤེལ་ནས“མང་ཚོགས་ཀྱིས་མངགས་པ་དང་ཏང་ཡོན་གྱིས་སྒྲུབ་པའི”རྣམ་པའི་ཐོག་ནས་གྲོང་མིར“བསམ་འདུན་ཆུང་ངུ”1200ལྷག་ཙམ་འགྲུབ་རོགས་བྱས་པ་རེད།

ཨན་ཧུའེ་ཞིང་ཆེན་ཧོང་ཧྲན་གྲོང་ཁྱེར་གྱིས་བསམ་འཆར་རྒྱ་ཁྱབ་ཉན་པ་དང་སེམས་ནུས་བཏོན་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ཐད་ནས་སྒོ་དབྱེའི་སློབ་གསོར་དམ་འཛིན་ཡག་པོ་བྱས་པ་རེད། དམངས་འཚོའི་ཐད་སྦྲེལ་ཁ་པར་12345ལེན་པ་དང་དབང་ཆ་ཆུང་ངུ་ཡག་པོ་སྤྱད་དེ“ལྟ་སྐུལ་གཅིག་འཐུས”སོགས་ཀྱི་བྱ་ཐབས་བརྒྱུད་གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པས་བསམ་འཆར་དང་གྲོས་འགོ་ཁག་811བསྡུ་རུབ་བྱས་པ་དང་། གསལ་ཐོ་ཅན་གྱི་གདུབ་ཟུམ་དོན་འཁྱོལ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་དོན་ཚན་ཁག་649འཕྲལ་སྒྲུབ་འཕྲལ་བཅོས་བྱས་པ་རེད།

ཧེ་ལུང་ཅང་ཞིང་ཆེན་ཏ་ཤིང་ཨན་ལིན་ས་ཁུལ་གྱིས་སྒོ་ཕྱེ་ནས་སློབ་གསོ་སྤེལ་རྒྱུ་མཐའ་འཁྱོངས་ཀྱིས“དྲ་མིག་ཏུ་བཅའ་སྡོད”དང“རྐང་ཐང་མར་གྲོང་ཁུལ་དུ་བསྐྱོད་པ”སོགས་ཀྱི་བརྟག་ཞིབ་ལས་དོན་སྤེལ་ཐབས་ཁྱབ་གདལ་བཏང་ནས། འགོ་ཁྲིད་ལས་བྱེད་པ་སྒྲིག་འཛུགས་ཀྱིས་གྲོང་མིའི་ཁུལ་ཆུང་དང་། སྲིད་དོན་ཚོམས་ཆེན། འགྲིམ་འགྲུལ་བབས་ཚུགས་སོགས་སུ་སྟབས་བསྟུན་ངང་བསྐྱོད་དེ་ཁོར་ཡུག་གཙང་སྦྲ་འཕྲོད་བསྟེན་དང་སྐར་ཁུང་ཞབས་ཞུ་སོགས་ཀྱི་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱེད་པ་དང་། ཡུལ་བབ་དང་དམངས་འདུན་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱས་ཤིང་། དེའི་རིང་ལམ་ངོས་གས་སྐྱོན་ཤོར་བ་དང་། གང་བྱུང་དུ་གློག་སྐུད་ཁྲིད་པ་དང་ཁང་པ་རྒྱག་པ། སྔོ་ལྗང་ཁུལ་གཏོར་བརླག་གཏོང་བ་སོགས་ཀྱི་གནད་དོན་ཁག་ཐེངས་350ལྷག་ཙམ་ཐག་གཅོད་བྱས་ཡོད།

ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་གྱིས“གཞི་རིམ་དུ་སྐྱོད་པ་བཞིའི”ལམ་ལུགས་དོན་འཁྱོལ་བྱས་ནས། ལས་ཞུགས་དང་། སྡོད་ཁང་། སློབ་གསོ་སོགས་དམངས་འཚོའི་གླེང་མང་བའི་གནད་དོན་ལ་དམིགས་པ་དང་། གནད་དོན་འགག་སྒྲོལ་གྱི་རྩིས་ཁྲ་བཟོ་བ། གསལ་ཐོ་ཅན་གྱི་དོ་དམ་དང་རྣམ་གྲངས་ཅན་གྱི་སྐུལ་གཏོང་བཅས་བྱས་ཏེ་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་གྱི་གནད་དོན་ཁག་902གཅིག་སྡུད་ཐོག་ཐག་གཅོད་བྱས་པ་རེད།

གྲོང་ཁྱེར་ནས་གྲོང་གསེབ་བར་དང་ཁེ་ལས་ནས་སྡེ་ཁུལ་བར། ས་གནས་ཁག་དང་ཚན་པ་ཁག་གིས་མཁྲེགས་སར་གཏུག་ཕོད་པའི་དག་ཐེར་བྱེད་ཤུགས་དང་སེམས་ནུས་འདོན་པའི་ཞབས་ཞུར་བརྟེན་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གཞི་རིམ་དུ་རྩ་བ་ཚུགས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་སྟེ་མང་ཚོགས་ལ་སྤྱོད་ཚུལ་འཛུགས་སྐྱོང་ལས་བྱུང་བའི་འགྱུར་ལྡོག་གསར་པ་ཚོར་བར་བྱས་པ་རེད།

(ཚེ་བརྟན་སྒྲོལ་དཀར་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)