འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་18ཉིན།

༄༅།།ཟླ་བ་དང་པོ་ནས་ལྔ་པའི་བར་ལྕགས་ལམ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་2421བཏང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་18ཉིན། 14:56】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་16ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་བ་དང་པོ་ནས་ལྔ་པའི་བར། རྒྱལ་ཡོངས་ལྕགས་ལམ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་2421བཏང་བ་དེ་དུས་མཚུངས་ལས་5.9%འཕར་ཡོད་པ་རེད།

མྱུར་བགྲོད་ལྕགས་ལམ་མང་པོ་ཞིག་ཤར་གཏོང་ཐུབ་ཉེར་ཡོད་ཅིང་། ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་350ཇུས་འགོད་བྱས་པའི་ཁྲུང་ཆིང་ནས་ཞ་མོན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཁྲུང་ཆིང་ཤར་ཚུགས་ནས་ཆན་ཅང་དུམ་བུ་བར་ཚོད་ལྟ་བྱས་ནས་སྤྱོད་བཞིན་ཡོད་པ་དང་། གཙང་པོ་རྒྱུད་ཀྱི་མྱུར་བགྲོད་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཧྲང་ཧའེ་ཁྲུང་ཆིང་ཁྲེང་ཏུའུ་གསུམ་གྱི་མྱུར་བགྲོད་ལྕགས་ལམ་ཝུའུ་ཧན་ནས་དབྱི་ཁྲང་བར་གྱི་དུམ་བུ་དང་། ཧྲེན་ཅ་མྱུར་བགྲོད་ལྕགས་ལམ་ཧྲེན་དབྱང་ནས་ཁྲང་པེ་ཧྲན་དུམ་བུ་ཚང་མ་སྙོམ་སྒྲིག་དང་མཉམ་འབྲེལ་ཚོད་ལྟའི་དུས་མཚམས་སུ་སླེབས་ཡོད་པས་ལོ་འདིའི་ནང་སྐྱེལ་འདྲེན་ལས་གཉེར་ཐུབ་རེ་ཡོད་པ་རེད།

རྣམ་གྲངས་མང་པོར་ཚད་བརྒལ་བྱུང་ཞིང་། ཟླ་6ཚེས་15ཉིན། ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཉིས་པས་སྐྲུན་འགན་འཁུར་བའི་ཤིས་ཨན་ནས་ཧྲི་ཡན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཧུའུ་པེ་དུམ་བུའི་ཕུག་ལམ་རིང་ཤོས་ཏེ། ཡོན་ལིང་ཕུག་ལམ་ཏལ་འབིགས་ཐུབ་པ་དང་། ཤིས་ཧྲི་མྱུར་བགྲོད་ལྕགས་ལམ་ཧུའུ་པེ་དུམ་བུའི་ལམ་ཐིག་ཧྲིལ་པོར་ཕུག་ལམ་26.5ཡོད་པའི་ནང་ཕུག་ལམ་25.5ཏལ་འབིགས་ཐུབ་པ། ཟམ་སྒྲོམ་31ཚང་མ་སྦྲེལ་ཟིན་ཏེ་ལས་གྲྭ་ཨ་མ་སྐྲུན་མཇུག་འགྲིལ་ཉེར་ཡོད། པའོ་ཐོའུ་ནས་དབྱིན་ཁྲོན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ནང་སོག་དུམ་བུའི་ལམ་ཐིག་ཧྲིལ་པོར་ལམ་ལྕགས་བཏིང་ཟིན་པ་དང་། ཞུང་ཨན་ནས་ཤིན་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཞུང་ཨན་ས་འོག་དུམ་བུའི་ཕུག་ལམ་ཚང་མ་ཏལ་འབིགས་ཐུབ་པ། ཤིས་ཨན་ནས་ཁྲུང་ཆིང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཤིས་ཨན་ནས་ཨན་ཁང་དུམ་བུའི་ཕུག་ལམ་20ཚང་མ་ཏལ་འབིགས་ཐུབ་པ། པེ་ཅིང་ནས་ཐང་ཧྲན་བར་གྱི་གྲོང་འབྲེལ་ལྕགས་ལམ་གྱི་པེ་ཅིང་ས་འོག་ལྕགས་ལམ་དུམ་བུའི་རྡོ་ཧྲུག་མེད་པའི་ལམ་ལྕགས་བཏིང་ཟིན་པ་སོགས་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད།

རྒྱལ་ཁབ་ལྕགས་ལམ་ཚོགས་པས། ད་ལོ་རྨང་གཞིའི་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་5900གཏོང་གང་ཐུབ་བྱས་ཏེ་ལམ་ཐིག་གསར་པ་སྤྱི་ལེ་2600སྤྱོད་འགོ་བཙུགས་ནས། དེང་རབས་ཅན་གྱི་ལྕགས་ལམ་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་མགྱོགས་པོ་བསྐྲུན་ཏེ་རང་རྒྱལ་གྱི་དཔལ་འབྱོར་རྒྱུན་མཐུད་ལེགས་ཕྱོགས་སུ་འཕེལ་བར་རམ་འདེགས་བྱ་རྒྱུ་ཡིན་ཞེས་བཤད།

(པད་ཆོས་ཀྱིས་བསྒྱུར། ཚེ་བརྟན་སྒྲོལ་དཀར་གྱིས་ཞུས)