ཞི་ཅིན་ཕིང་ཨ་སི་ཐ་ནར་ཕེབས་འབྱོར་ཟིན་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་18ཉིན། 14:48】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་16ཉིན་གྱི་ཉིན་དགུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུཌ་ནས་ཨ་སི་ཐ་ནར་ཕེབས་འབྱོར་ཟིན་ཞིང་། འདི་ནི་ཞི་ཅིན་ཕིང་གིས་དགའ་བསུ་ཞུ་མཁན་མི་ཚོགས་ལ་ཕྱག་གཡུག་གཡུག་གནང་བཞིན་པ།
འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཨ་སི་ཐ་ན་ནས་ཟླ་6ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་16ཉིན་གྱི་ཉིན་དགུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཨ་སི་ཐ་ནར་ཕེབས་འབྱོར་ཟིན་ཞིང་། ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་ཡི་གདན་ཞུས་ལྟར། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པར་ཞུགས་པ་རེད།
ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་ཧ་སག་སི་ཐན་གྱི་མཁའ་དབྱིངས་སུ་འབྱོར་རྗེས་ཧ་སག་སི་ཐན་མཁའ་དམག་གི་དམག་གྲུས་སྲུང་སྐྱེལ་ཞུས་པ་རེད།
ཞི་ཅིན་ཕིང་ཨ་སི་ཐ་ནའི་ན་ཀྲ་པ་ཡེ་ཧྥུའུ་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་ཟིན་སྐབས། ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་ཡིས་ཙུང་ཐུང་གཞུང་དོན་ཐིང་གི་ཀྲུའུ་རེན་ཏ་ཅེ་པའེ་དང་། ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཡིན་པའི་ནུར་ཐེ་ལེ་ཝུའུ། ཙུང་ཐུང་གི་ཕྱི་དོན་བློ་འདྲི་བ་ཁཱ་ཅི་ཧན། ཨ་སི་ཐ་ན་གྲོང་ཁྱེར་གྱི་ཧྲི་ཀྲང་ཁཱ་སེ་མུའུ་པེ་ཁེ་སོགས་མཐོ་རིམ་དཔོན་རིགས་ཀྱི་སྣེ་ཁྲིད་དེ་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད། གཟབ་མཆོར་ལེགས་པར་སྤྲས་པའི་ཧ་སག་སི་ཐན་གྱི་གཞོན་ནུ་མས་ཞི་ཅིན་ཕིང་ལ་མེ་ཏོག་སོས་པ་ཕུལ་བ་དང་། གུས་དམག་གིས་རུ་སྟར་བསྒྲིགས་ཏེ་ས་གདན་སྔོན་པོའི་གཞོགས་གཉིས་ནས་གུས་འདུད་ཞུས་པ། ཧ་སག་སི་ཐན་གྱི་ལོ་ཆུང་བྱིས་པས་ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་པོའི་རྒྱལ་དར་བཟུང་སྟེ་གཡུག་གཡུག་བྱས་ནས་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད། ཞི་ཅིན་ཕིང་གིས་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་ཡི་ཕེབས་རོགས་འོག་གཟབ་སྦྲེང་དམག་རིགས་ཀྱི་རྣམ་འབྱེད་རུ་སྟར་ལ་གཟིགས་ཤིང་། སྐབས་དེར་ཀྲུང་གོ་དང་ཧ་སག་སི་ཐན་གྱི་རྒྱལ་དར་བཀལ་བའི་ཐད་འཕུར་གནམ་གྲུ་གནམ་ཐང་གི་མཁའ་དབྱིངས་སུ་འཕུར། གནམ་ཐང་གི་སྐུ་མགྲོན་ཐོག་ཁང་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཧ་སག་སི་ཐན་གྱི་ལོ་ཆུང་བྱིས་པའི་རིག་རྩལ་འཁྲབ་སྟོན་ལ་ལྷན་དུ་གཟིགས་པ་རེད།
ཚའེ་ཆི་དང་ཝང་དབྱི་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་ནང་མཉམ་དུ་ཕེབས་ཡོད་པ་རེད།
ཧ་སག་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧན་ཁྲུན་ལིན་ཡང་གནམ་ཐང་དུ་ཕེབས་བསུར་བཅར་ཡོད་པ་རེད།
ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་གནམ་ཐང་ནས་བཞུགས་སའི་གསོལ་མགྲོན་ཁང་དུ་ཕེབས་པའི་ལམ་བར་དུ། ཀྲུང་གོའི་མ་འཇོག་ཁེ་ལས་དང་ཕྱི་སྦྱོང་སློབ་མའི་འཐུས་མིས་འགྲོ་ལམ་གྱི་གཡས་གཡོན་གཉིས་སུ་འཛོམས་ཤིང་། ཁོང་ཚོས“ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ”ཞེས་དང“ཀྲུང་གོ་དང་ཧ་སག་སི་ཐན་གྱི་མཛའ་གྲོགས་ཁྲི་ལོ་བརྟན་པར་ཤོག”ཅེས་པའི་འཕྲེད་འགེལ་སྦྱར་ཡིག་དམར་པོ་མཐོན་པོར་བཏེགས་ཏེ་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་པེ་ཅིང་ནས་ཞལ་གྱེས་ཏེ། ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་ཡི་གདན་ཞུས་ལྟར། ཨ་སི་ཐ་ནར་ཕེབས་ཏེ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པར་ཞུགས་པ་རེད།
ཞི་ཅིན་ཕིང་ལ་ཕེབས་རོགས་ཞུ་མཁན་གྱི་གྲས་སུ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་སོགས་ཡོད་པ་རེད།
(སྤེན་ཚེས་བསྒྱུར། སྤེན་ཚེ་དང་དཔའ་མོས་ཞུས)