གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་18ཉིན། 13:43】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་16ཉིན་གྱི་ཕྱི་དྲོར། ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ན་ཡི་ཙུང་ཐུང་ལས་ཤག་ཏུ་གྲོས་མོལ་གནང་བ།
འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཨ་སི་ཐ་ན་ནས་ཟླ་6ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་16ཉིན་གྱི་ཕྱི་དྲོར། ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ན་ཡི་ཙུང་ཐུང་ལས་ཤག་ཏུ་གྲོས་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བར་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་ཐེག་ནས་ཐོག་མཐའ་བར་གསུམ་དུ་ཆུ་ཚད་མཐོ་བའི་འཁོར་སྐྱོད་རྒྱུན་འཁྱོངས་ཐུབ་པ་དེ་ནི་རི་ཆུ་སྦྲེལ་བའི་ས་བབ་ཀྱི་ལེགས་ཆ་དང་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ཀྱི་ལོ་རྒྱུས་རྒྱུན་འཛིན་ལས་བྱུང་བ་ཞིག་རེད་ལ། རྒྱལ་ཁབ་གཉིས་ཀྱིས་ཐུན་མོང་ཐོག་དོན་གཉེར་བྱེད་པའི་འཕེལ་རྒྱས་ཀྱི་ལྡོག་མེད་གདམ་ག་ཞིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་། ང་ཚོས་མཉམ་དུ་འཆར་འགོད་བྱས་པ་བརྒྱུད་ཀྲུང་གོ་དང་ཧ་སག་སི་ཐན་གྱི་ལས་དབང་གཅིག་མཐུན་ཚོགས་པའི་རྨང་གཞི་དེ་བས་བརྟན་པ་དང་ནང་དོན་དེ་བས་ཕུན་སུམ་ཚོགས་ལ། ཏན་ཏིག་དང་དམངས་འཚོར་ཕན་འདོགས་པའི་གྲུབ་འབྲས་མུ་མཐུད་ཐོབ་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐོབ་སྣང་ཆེ་རུ་ནུས་ལྡན་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ལྟ་ཕྱོགས་ནས་ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་བཏང་སྟེ། ཧ་སག་སི་ཐན་ཕྱོགས་དང་མཉམ་དུ་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་དང་ཧ་སག་སི་ཐན་གྱི་མཛའ་གྲོགས་བརྟན་དུ་གཏོང་བ་དང་། ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བ་བརྟན་པོ་དང་དྲང་ནུས་ལ་བརྟེན་ཏེ་ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་མང་བ་འབུལ་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཧ་སག་སི་ཐན་གཉིས་པོ་ནི་འཕེལ་རྒྱས་དང་དར་རྒྱས་ཀྱི་འགག་རྩའི་དུས་མཚམས་སུ་གནས་པས། རྒྱལ་ཁབ་གཉིས་པོས་སེམས་ཤུགས་གཅིག་སྒྲིལ་གྱིས་ཕྱོགས་མང་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། གཅིག་ནས་ཆུ་ཚད་མཐོ་བའི་འཐབ་ཇུས་ཀྱི་ཕན་ཚུན་ཡིད་ཆེས་ལ་བརྟེན་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱས་ཏེ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་འཕེལ་རྒྱས་འཐབ་ཇུས་ཀྱི་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ་དང་། རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་དུས་བབ་ཁྲོད་ཕན་ཚུན་སྲ་ཞིང་བརྟན་པའི་རྒྱབ་རྟེན་བྱེད་པ། འཕེལ་རྒྱས་དང་དར་རྒྱས་ཁྲོད་ཕྱོགས་གཉིས་པོར་ཕན་པའི་རམ་འདེགས་བཅས་བྱེད་དགོས། གཉིས་ནས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་སྤུས་ཚད་མཐོ་རུ་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། ཚོང་དོན་དང་། མ་འཇོག ནུས་རྒྱུ་སོགས་སྲོལ་རྒྱུན་མཉམ་ལས་ཀྱི་ལེགས་ཆ་བརྟན་དུ་གཏོང་བ། རྒྱལ་སྒྲོལ་ལྕགས་ལམ་རྣམ་གྲངས་འཛུགས་སྐྲུན་དང་འགག་སྒོའི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་ལ་སྐུལ་འདེད་གཏོང་བ། ཕན་ཚུན་འབྲེལ་མཐུད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། མཐོ་གསར་ལག་རྩལ་མཉམ་ལས་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་ལྗང་མདོག་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
གསུམ་ནས་ཕྱོགས་མང་བདེ་འཇགས་མཉམ་ལས་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོང་དང་། ཁྲིམས་འཛིན་བདེ་འཇགས་དང་འགོག་སྲུང་ལས་དོན་སྤེལ་རེས་རྒྱ་ཆེར་གཏོང་བ། “ངན་ཤུགས་གསུམ”ལ་མཉམ་དུ་རྡུང་རྡེག་གཏོང་བ། འཕྲལ་སྡོམ་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། བཞི་ནས་སྣ་མང་ཅན་གྱི་མི་ཆོས་རིག་གནས་སྤེལ་རེས་ལ་བརྟེན་ནས་ཀྲུང་གོ་དང་ཧ་སག་སི་ཐན་གྱི་མཛའ་མཐུན་རྨང་གཞི་བརྟན་དུ་གཏོང་བ་དང་ཧ་སག་སི་ཐན་གྱི“ཀྲུང་གོའི་ཡུལ་སྐོར་ལོ”ཡག་པོ་གཉེར་ནས་གཞོན་ནུ་དང་། སྨྱན་སྦྱོར། རིག་མཛོད། ས་གནས་བཅས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུའི་སྐུལ་ལྕག་བྱེད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། འགྱུར་ལྡོག་དང་ཟང་ཟིང་མཉམ་འདྲེས་ཀྱི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་ཀྲུང་གོ་དང་ཧ་སག་སི་ཐན་ཕྱོགས་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བརྟན་པོ་བྱས་ཏེ། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ནས་དར་ཆ་གསལ་སྟོན་ངང་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བྱེད་དགོས། ཧ་སག་སི་ཐན་གྱིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པ་གཉེར་ཆེད་གྲ་སྒྲིག་གི་ལས་དོན་འབོར་ཆེན་བསྒྲུབས་པར་ཀྲུང་གོ་ཕྱོགས་ཀྱིས་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད་ལ། ད་ཐེངས་ཀྱི་ཚོགས་འདུར་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་ཀྱི་ལེའུ་གསར་པ་རྩོམ་ཐུབ་ངེས་ཀྱི་ཡིད་ཆེས་ཀྱང་ཡོད། དེ་དང་ཆབས་ཅིག་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཀྲུང་གོས་ཁོངས་མིའི་རྒྱལ་ཁབ་ཁག་དང་མཉམ་དུ་ད་ལོའི་ཐེན་ཅིན་དབུ་ཚོགས་གོ་སྐབས་སུ་བྱས་ཏེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱ་སྟོབས་ཆེ་རུ་བཏང་ནས་འཕེལ་རྒྱས་གསར་པ་དང་། ཚད་བརྒལ་གསར་པ། རྣམ་པ་གསར་པ་བཅས་མངོན་པར་བྱེད་འདོད་ཡོད།
ཐོ་ཁཱ་ཡེ་ཧྥུའུ་ཡིས་གསུངས་དོན། ཀྲུང་གོ་ནི་ཧ་སག་སི་ཐན་གྱི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་དང་། གྲོགས་པོ་བློས་ཐུབ། བློས་འགེལ་ཆོག་པའི་རོགས་ཟླ་བཅས་ཡིན། ཧ་སག་སི་ཐན་དང་ཀྲུང་གོའི་ཡུན་རིང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྫོགས་ལྡན་གྱི་དུས་རབས་གསར་པར་སླེབས་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱེད་པ་དང་ཕྱོགས་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པས། རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བའི་དཔེ་མཚོན་ལ་གྱུར་ཡོད་ཅེས་བརྗོད་ཆོག ཧ་སག་སི་ཐན་དང་ཀྲུང་གོའི་དབར་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ཆབ་སྲིད་ཀྱི་འདུན་པ་ཆེན་པོ་ཡོད་པ་དང་བདག་དབང་དང་བདེ་འཇགས་སོགས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དེར་རྒྱལ་སྤྱིའི་དུས་བབ་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་མི་སྲིད། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་གྲུབ་འབྲས་རླབས་པོ་ཆེ་ཐོབ་པར་ཧ་སག་སི་ཐན་ཕྱོགས་ཀྱིས་སེམས་གཏིང་ནས་དགའ་པོ་བྱེད་པ་དང་ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་ཆེ་བ་རྒྱུན་ཆད་མེད་པར་ཐོབ་ངེས་ཀྱི་ཡིད་ཆེས་བརྟན་པོ་ཡོད། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འཐབ་ཇུས་ཀྱི་ཡིད་ཆེས་བྱེད་རེས་དང་ཕྱོགས་མང་གི་གཉིས་ཁེ་མཉམ་ལས་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་གསར་པ་ཞིག་ཏུ་མཐོ་རུ་གཏོང་འདོད་ཡོད། རྒྱལ་ཁབ་གཉིས་ཀྱིས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ཏེ་ཚོང་དོན་དང་། མ་འཇོག བཟོ་ལས། ཞིང་ལས། ནུས་རྒྱུ། འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ་དང་རིག་གནས་དང་། སློབ་གསོ། ལུས་རྩལ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་དགོས། ཀྲུང་གོས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཧུར་ཐག་འཁུར་བར་ཧ་སག་སི་ཐན་ཕྱོགས་ཀྱིས་ཚད་མཐོའི་གདེང་འཇོག་དང་འབྲེལ་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུ་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། འབོ་གསེར། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ། ཨེ་ཤེ་ཡ་ཕན་ཚུན་མཉམ་ལས་དང་ཡིད་རྟོན་བྱེད་ཐབས་ཚོགས་འདུ་སོགས་ཕྱོགས་མང་ལམ་སྲོལ་ཁྲོད་མུ་མཐུད་མཉམ་ལས་དམ་ཟབ་དང་ཕན་ཚུན་རྒྱབ་སྐྱོར་བྱས་ནས་རྒྱལ་སྤྱིའི་སྒྲིག་ལམ་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
གྲོས་མོལ་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཕྱོགས་གཉིས་པོས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་བཅུ་ཙམ་བརྗེ་རེས་བྱས་པར་ལྷན་དུ་དཔང་པོ་གནང་བའི་ཁྲོད་ཚོང་དོན་དང་། མ་འཇོག ཚན་རྩལ། འགག་སྒོ ཡུལ་སྐོར། སྨྱན་སྦྱོར་སོགས་ཀྱི་ཁྱབ་ཁོངས་ཚུད་ཡོད་པ་རེད། (པ་སངས་ཀྱིས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)
ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་16ཉིན་གྱི་ཕྱི་དྲོར། ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ན་ཡི་ཙུང་ཐུང་ལས་ཤག་ཏུ་གྲོས་མོལ་གནང་ཞིང་། འདི་ནི་ཞི་ཅིན་ཕིང་དང་ཐོ་ཁཱ་ཡེ་ཧྥུའུ་ཡིས་ཕྱག་གཏོང་རེས་གནང་བཞིན་པ།