འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་18ཉིན།

༄༅།།ཐན་ཧའེ་ཡུས་ཀྱིས་སྨན་པའི་བྱམས་སེམས་ལ་བརྟེན་ནས་བྱང་ཐང་ལ་དྲོ་སྐྱིད་སྦྱིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་18ཉིན། 09:42】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཐན་ཧའེ་ཡུས་ཐོག་མར་འཕྲད་སྐབས། ཁོང་གིས་ལས་དོན་པར་སློབ་ཁང་གི་དུག་སེལ་ལས་ཀར་མཛུབ་ཁྲིད་བྱེད་བཞིན་འདུག

     ཁོང་དང་གླེང་མོལ་བྱེད་སྐབས་ཕོ་བ་མི་བདེ་བའི་སློབ་མ་ཞིག་སླེབས་སོང་། སློབ་མའི་ནད་རྟགས་ལ་འདྲི་རྩད་ཞིབ་ཕྲ་བྱས་པ་དང་ཐོག་མའི་བརྟག་དཔྱད་བྱས་རྗེས། ཐན་ཧའེ་ཡུས་ཀྱིས་སྨན་སྒྲོམ་གྱི་མདུན་དུ་སོང་ནས་སློབ་མར་སྨན་སྦྱོར་བྱས་པ་དང་སྨན་ཇི་ལྟར་གཏོང་ཚུལ་མངགས་བཅོལ་ཡང་ཡང་བྱས་པ་མ་ཟད།“གལ་ཏེ་སྨན་དེ་དག་བཟས་རྗེས་ད་དུང་དྲག་སྐྱེད་མ་བྱུང་ན། དགེ་རྒན་ལ་དགོངས་པ་ཞུས་ནས་སྨན་ཁང་དུ་བརྟག་དཔྱད་བྱེད་པར་འགྲོ་དགོས”ཞེས་བཤད།

    “སྨན་པ་ཐན་ལགས་སྨན་བཅོས་ལག་རྩལ་བྱང་ཆུབ་པས་ཁོང་ཡོད་ན་ང་ཚོ་བློ་ཧ་ཅང་བདེ་པོ་འདུག”ཅེས་ནད་ལྟ་བར་ཡོང་བའི་མཐོ་འབྲིང་ལོ་རིམ་གཉིས་པའི་སློབ་མ་ཚེ་བརྟན་ལྷ་མོས་བཤད།

    2023ལོར། གཟུགས་པོས་རྐྱེན་པས་ཐན་ཧའེ་ཡུས་ནག་ཆུ་ནས་ལྷ་སར་ལས་བསྒྱུར་བྱས་ཏེ་ལྷ་ས་ནག་ཆུ་མཐོ་རིམ་སློབ་འབྲིང་བཞི་པའི་སློབ་གྲྭའི་སྨན་པའི་འགན་ཁུར་བ་རེད། དེ་གོང་ཁོང་གིས་ཆ་སྙོམས་ས་བབ་སྨི་4500ལས་བརྒལ་བ་དང་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཡིན་པའི་ས་ཁུལ་རིམ་པའི་གྲོང་ཁྱེར་ནག་ཆུར་ལས་ཀ་ལོ་20ཏག་ཏག་བྱས་པ་རེད།

    ལོ་22གོང་གི་དབྱར་ཁར་ལོ་22ལ་སླེབས་པའི་ཐན་ཧའེ་ཡུས་མཚོ་སྔོན་གསོ་རིག་སློབ་གླིང་གི་ནད་ཐོག་གསོ་རིག་ཚན་ཁག་ནས་སློབ་མཐར་ཕྱིན་ཞིང་། ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཁག་དང་པོ་ཡིན་པའི་ཁོང་ནག་ཆུ་ས་ཁུལ་མི་དམངས་སྨན་ཁང(ད་ལྟའི་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང)དུ་ལས་བགོས་བརྒྱབ།

   ཐོག་མར་འགོས་ནད་ཚན་ཁག་ཏུ་ལས་ཀ་བྱེད་སྐབས་སྨན་ཁང་གི་བརྟག་དཔྱད་བྱེད་ཐབས་ཉུང་ལ། ནད་གཞི་བརྟག་དཔྱད་བྱེད་པར་གཙོ་བོ་ནད་ཐོག་སྨན་བཅོས་ཉམས་མྱོང་ལ་བརྟེན་དགོས། དེར་བརྟེན་ཁོང་གིས་ཆེད་ལས་དཔེ་དེབ་ནན་ཏན་ལྟ་བ་དང་ཚད་ལྡན་ཡིག་ཆར་ཞིབ་འཇུག་བྱས་ཐོག་ནད་བརྟག་སྨན་བཅོས་ལག་ལེན་ཐེངས་མང་ཁྲོད་ཉམས་མྱོང་གསོག་འཇོག་དང་སྨན་བཅོས་ལག་རྩལ་ཞུན་བརྡར་བྱས།

     བརྩོན་འགྲུས་དེ་ལ་བརྟེན་ནས་ཐན་ཧའེ་ཡུས་རྒྱུན་ཆད་མེད་པར་འཇོན་ཐང་ཇེ་ཆེར་སོང་ཡོད། ཐེངས་ཤིག་ཁོང་གིས་ཆུ་ཐོར་ནད་ཚབས་ཆེ་བའི་ནད་པ་ཞིག་ལ་བརྟག་དཔྱད་བྱེད་སྐབས། ནད་པའི་ཁྲག་ལེབ་ཆུང་བ་ཇེ་དམའ་རུ་ཕྱིན་ཏེ་དབང་པོ་མང་པོའི་ནུས་པ་ཉམས་པ་དང་བར་ཆའི་གློ་ཚད་ཐོན་པ་རེད།

     “སྐབས་དེ་དུས་དངངས་འཚབ་ཆེན་པོ་སྐྱེས་བྱུང་། ནད་དཔེ་འདི་འདྲ་འཕྲད་མ་མྱོང་བས་ཚད་ལྡན་ཡིག་ཆ་མང་པོ་ཞིག་ལྟ་བ་ལས་ཐབས་གཞན་མི་འདུག” ཁོང་གིས་སློབ་སྦྱོང་བྱེད་ཀྱིན་ལག་ལེན་བྱས་པས་མཐར་ནད་པའི་ནད་གཞི་རིམ་བཞིན་ཞི་ལྷོད་དུ་སོང་བ་རེད།

     ཞིང་འབྲོག་པ་མང་པོ་ཞིག་སྨན་ཁང་དུ་ནད་ལྟ་བར་འགྲོ་བར་སྟབས་བདེ་མེད་པས། ཐན་ཧའེ་ཡུས་ཀྱིས་རང་ཉིད་ཀྱི་ཁ་པར་ཨང་གྲངས་ཁོང་ཚོར་བཞག་སྟེ་ཁོང་ཚོར་ཁ་པར་ཐོག་ནས་བློ་འདྲི་བྱེད་དུ་འཇུག་གི་ཡོད།

     ལོ་མང་རིང་ཐན་ཧའེ་ཡུས་ཀྱིས་དོས་དྲག་དང་དལ་བའི་རང་བཞིན་གྱི་འགོས་ནད་ཕོག་པའི་ནད་པ་8000ལྷག་ཙམ་ལ་སྨན་བཅོས་བྱས་ཡོད། ལོ་བདུན་གོང་སྨན་ཁང“ཀ་པ་རིམ་པ་གསུམ་པར”གཏོད་པའི་བརྒྱུད་རིམ་ཁྲོད། ཐན་ཧའེ་ཡུས་ཀྱིས་སྣེ་ཁྲིད་དེ་འགོས་ནད་ཚོད་འཛིན་ཚན་ཁག་བཙུགས་པ་རེད།

     2003ལོར་སློབ་གྲྭ་ཆེ་མོ་བའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞི་ལག་ལེན་བསྟར་ཚུན། དང་བླངས་པ་4000ལྷག་ཙམ་གྱིས་བོད་དུ་ལས་ཀ་བྱ་རྒྱུའི་གདམ་ག་བྱས་ནས་མུ་མཐུད་ས་མཐོར་གཞི་ཚུགས་པ་རེད།

     “ས་གནས་འཕེལ་རྒྱས་ཕྱིན་པ་དངོས་སུ་བདེན་དཔང་ཐུབ་པ་དང་འབྲེལ་དེའི་ཁྲོད་ཞུགས་རྒྱུ་བྱུང་བར་དགའ་སྤྲོ་ཆེན་པོ་སྐྱེ་གི་འདུག ན་གཞོན་ཚོ་གཞི་རིམ་དང་ལྷག་པར་དུ་དཀའ་ཚེགས་ཆེ་བའི་ས་ཆར་སྦྱོང་བརྡར་བྱེད་པར་སྐྱོད་དགོས། རིན་ཐང་མངོན་ཐུབ་ན་གང་སར་གར་སྟེགས་ཡོད”ཅེས་ཐན་ཧའེ་ཡུས་ཀྱིས་བཤད་པ་རེད།