འདི་ག་ཚགས་པར་གྱི་གསར་འགོད་པ། ཞེ་ཡ་ཧུང་། ཀྲང་ཀྲི་ཝུན། ཁྲེན་ཧྲང་ཝུན།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་18ཉིན། 09:40】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
2023ལོའི་ཟླ་5པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་དང་པོའི་ཐོག་གཙོ་དོན་གསུང་བཤད་གནང་སྐབས། “ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་མཉམ་དུ་བ་ཚྭའི་ས་ཆ་བཅོས་སྐྱོང་གསར་སྤེལ་དང་། གྲོན་ཆུང་རྣམ་པའི་ཞིང་ཆུ་འདྲེན་སྟངས་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་བྱས་ཏེ། ཐན་ཁུལ་དུ་ཞིང་ལས་མཉམ་འབྲེལ་ཚོད་ལྟ་ཁང་འཛུགས་སྐྲུན་དང་། ཚྭ་མཚེའུ་ཡི་སྐྱེ་ཁམས་ཉམས་ཉེན་ཐག་གཅོད་ལ་སྐུལ་འདེད་གཏོང་བ། ཨེ་ཤེ་ཡ་དབུས་མར་ལག་རྩལ་མཐོ་བའི་ཁེ་ལས་དང་ཆ་འཕྲིན་ལག་རྩལ་ཐོན་ལས་གླིང་འཛུགས་པར་རྒྱབ་སྐྱོར་བཅས་བྱེད་འདོད་ཡོད”ཅེས་གསུངས།
ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་དང་པོའི་རིང་། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དབར་གྱི་མཉམ་ལས་ལ་ཐུན་མོང་ངོས་འཛིན་རབ་དང་རིམ་པ་བྱུང་བའི་ནང་། “ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལྗང་མདོག་དང་ཐཱན་ཉུང་འཕེལ་རྒྱས་བྱ་སྤྱོད་སྤེལ་ནས་ལྗང་མདོག་འཕེལ་རྒྱས་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ”ཚུད་ཡོད། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱིས་ལག་གདང་སྦྲེལ་ནས་ལྗང་མདོག་འཕེལ་རྒྱས་རྣམ་གྲངས་རབ་དང་རིམ་པར་སྐུལ་འདེད་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ལྗང་མདོག་སྒུལ་ནུས་བསྣན་ཡོད།
2017ལོའི་ཟླ་6པར། ཀྲུང་ཤིན་ཁོར་ཡུག་ལག་རྩལ་ཚད་ཡོད་ཀུང་སི་དང་ཧ་སག་སི་ཐན་ཁ་ལཱ་ཙན་པ་སི་རྡོ་སྣུམ་ཀུང་སིས་ཚྭ་ཆུ་གཙང་བསིང་བཟོ་གྲྭ་འཛུགས་སྐྲུན་གཉེར་སྐྱོང་གི་གྲོས་མཐུན་བཞག་ནས་རྣམ་གྲངས་འཛུགས་སྐྲུན་དངོས་སུ་བྱེད་འགོ་བཙུགས་པ་དང་། 2024ལོའི་ཟླ་6པར། རྣམ་གྲངས་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས་པ་རེད། བཟོ་གྲྭས་ཀྲུང་ཤིན་ཁོར་ཡུག་ཚད་ཡོད་ཀུང་སིས་རང་བདག་ཞིབ་འཇུག་གསར་སྤེལ་བྱས་པའི་ལག་རྩལ་སྤྱད་དེ་གྲངས་འཛིན་ཅན་གྱི་དོ་དམ་མངོན་འགྱུར་བྱུང་ཡོད།
མིག་སྔར། བཟོ་གྲྭར་ཁྱོན་བསྡོམས་ཆུ་གཙང་བསིང་བྱེད་ས་4ཡོད་པ་དང་ཉིན་རེར་བཙོག་ཆུ་གཙང་བསིང་བྱེད་ནུས་ཏུན་ཁྲི་4.25ཟིན་ཞིང་། ཉིན་རེར་ཚྭ་མེད་ཆུ་ཏུན་ཁྲི་1.7ཐོན་སྐྱེད་ཐུབ་ཀྱི་ཡོད་པས་ཉུང་མཐར་ཡང་སྣུམ་ཞིང་ཡོངས་ཀྱི་85%ཡི་བཟོ་ལས་ཆུ་སྤྱོད་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད་པ་རེད། ཁ་ལཱ་ཙན་པ་སི་སྣུམ་ཞིང་མ་རྐང་ཚོད་འཛིན་ཕྱོགས་ཀྱི་གྲས་ཤིག་ཡིན་པའི་ཧ་སག་སི་ཐན་རྒྱལ་ཁབ་རྡོ་སྣུམ་རང་བྱུང་སོལ་རླངས་ཀུང་སིའི་དོ་དམ་ཨུ་ལྷན་གྱི་ཀྲུའུ་ཞི་ཧ་ཞེ་ནུའོ་ཧྥུའུ་ཡིས། བཟོ་གྲྭས་བཟོ་ལས་ལ་སྤྱོད་པའི་ཆུ་མཁོ་སྤྲོད་བྱེད་ཚད་ཆེ་རུ་བཏང་བས་སྣུམ་ཞིང་གི་བསྡུ་ལེན་བྱེད་ཚད་མཐོ་རུ་ཕྱིན་པ་མ་ཟད། ས་གནས་དེ་གའི་ཁོར་ཡུག་ལ་སྲུང་སྐྱོང་ཐུབ་པས་ས་ཁུལ་དང་ཐ་ན་ཧ་སག་སི་ཐན་གྱི་རྒྱལ་ཡོངས་དཔལ་འབྱོར་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད།
ཨུ་ཟ་བྷེ་ཁི་སི་ཐན་དབུས་རྒྱུད་ནཱ་ཝོ་དབྱི་ཀྲོའུ་ཙེ་ལ་ཧྥུའུ་ཧྲན་གྲོང་ཁྱེར་གྱི་རི་མ་ཐང་དུ་མཐོ་ཚད་སྨི་95ཡོད་པའི་རླུང་འཁོར་111ཡོད་པ་དེ་དག་ལྕགས་སྒྲོམ་ཆེན་པོ་ཞིག་དང་འདྲ་བར་འགྱིང་ངེར་གནས་པ་དང་། རིང་ཚད་ལ་སྨི་76ཡོད་པའི་རླུང་འཁོར་གྱི་གཤོག་པ་ལྷགས་ཕྱོགས་དང་བསྟུན་ནས་འཁོར་བཞིན་མཆིས།
ཙེ་ལ་ཧྥུའུ་ཧྲན་རླུང་གློག་རྣམ་གྲངས་ནི་ཨུ་ཟ་བྷེ་ཁི་སི་ཐན་གྱི་རླུང་གློག་རྣམ་གྲངས་ཆེ་གྲས་དང་པོ་དེ་ཡིན་ཞིང་། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཧྲན་ཏུང་གློག་ཤུགས་འཛུགས་སྐྲུན་ཀུང་སི་གསུམ་པས་སྐྲུན་འགན་ཁུར་བ་དང་། སྤྱིའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་འདོན་ཚད་ཀྲའོ་ཝ་521.7ཟིན་གྱི་ཡོད། མིག་སྔར་རླུང་འཁོར་ཚང་མ་སྒྲིག་སྦྱོར་ཟིན་པ་དང་ཤོང་ཚད་ཡོངས་དྲ་སྦྲེལ་གློག་གཏོང་ཐུབ་ཡོད། རྣམ་གྲངས་དེ་ལས་ཁྱིམ་ཚང་ཁྲི་50ལ་གློག་འདང་ངེས་མཁོ་འདོན་ཐུབ་པ་མ་ཟད། ལོ་རེར་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་110ཉུང་དུ་གཏོང་ཐུབ་ཡོད།
ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་ཡུའེ་ཡེ་ཧྥུའུ་ཡིས། ཙེ་ལ་ཧྥུའུ་ཧྲན་རླུང་གློག་རྣམ་གྲངས་ནི་ཨུ་ཟ་བྷེ་ཁི་སི་ཐན་གྱིས་ནུས་རྒྱུ་གསར་པའི་སྒྱུར་བཅོས་བྱས་རྗེས་ལག་ལེན་བསྟར་བའི་རླུང་ཤུགས་གློག་འདོན་རྣམ་གྲངས་དང་པོ་དེ་ཡིན་པ་དང་། རྒྱལ་ཁབ་ཀྱིས་ནུས་རྒྱུ་སྣ་མང་ཅན་མངོན་འགྱུར་དང་། བསྐྱར་སྐྱེས་ནུས་རྒྱུ་འཕེལ་རྒྱས་ལ་སྐུལ་འདེད། ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་བ་སོགས་ཀྱི་ངོས་ནས་བརྗོད་ན་རྣམ་གྲངས་དེར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ལི་ཨ་ལི་པོ་ཧྥུའུ་ཡིས་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དངོས་ལ་ལྟ་ཞིབ་ཐེངས་མང་བྱས་ནས་རྣམ་གྲངས་ཀྱི་ནུས་ཆེའི་ལག་བསྟར་ནུས་པ་དང་། ཀྲུང་གོའི་སྒྲིག་ཆས་ཀྱི་བློས་འགེལ་རང་བཞིན་དང་རིག་ནུས་ཅན། དེ་བཞིན་ཀྲུང་གོ་ཕྱོགས་ཀྱི་སྤུས་ཚད་མཐོ་བའི་ཨར་ལས་ལག་རྩལ་བཅས་ལ་གདེང་འཇོག་ཆེན་པོ་གནང་བ་རེད།
རྣམ་གྲངས་འཛུགས་སྐྲུན་བྱེད་རིང་། ས་གནས་དེ་གར་ལས་གནས་1000ལྷག་ཙམ་བཏོད་པ་མ་ཟད་རླུང་གློག་ཤེས་ལྡན་པ་ཁག་གཅིག་ཀྱང་གསོ་སྐྱོང་བྱས་ཡོད། རྣམ་གྲངས་ཀྱི་ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྱི་ལས་མི་ཀུའུ་ལི་ཡིས། རང་ཉིད་རྣམ་གྲངས་དེར་ལས་ཀ་བྱས་ནས་ལོ་གཉིས་ལྷག་ཙམ་ཕྱིན་སོང་། ད་ཆ་རང་ཉིད་ཨུ་ཟ་བྷེ་ཁི་སི་ཐན་གྱི་རྒྱལ་ནང་གི་རླུང་གློག་ལག་རྩལ་ཤེས་ལྡན་པ་ཁག་དང་པོར་གྱུར་ཡོད་ཅེས་བརྗོད། ཁོང་གིས“ངས་ཀུང་སི་ནས་སྦྱངས་པའི་ཉམས་མྱོང་དང་ལག་རྩལ་སྤྱད་དེ་ང་ཚོའི་ཕ་ཡུལ་གྱི་ནམ་མཁའ་སྔར་བས་གཡའ་དག་པ་དང་རྩི་ཤིང་སྔར་བས་སྔོ་ཐིང་ངེར་གནས་པར་བྱེད་ཀྱི་ཡིན”ཞེས་བརྗོད།
དེ་སྔ་འཛམ་གླིང་གི་མཚེའུ་ཆེན་པོ་བཞིའི་ཡ་གྱལ་ཡིན་པའི་ཚྭ་མཚེའུ་ཡིས་ཧ་སག་སི་ཐན་དང་ཨུ་ཟ་བྷེ་ཁི་སི་ཐན་གཉིས་འཕྲེད་དུ་བཅད་པས། ཆུ་དཔྱད་གནས་ཚུལ་གྱིས་རྒྱལ་ཁབ་གཉིས་དང་ཐ་ན་ཨེ་ཤེ་ཡ་དབུས་མའི་ས་ཁུལ་ཡོངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། དུས་རབས་20པའི་དུས་མཇུག་ནས་བཟུང་། ཚོད་འཛིན་མེད་པའི་ཞིང་ལས་ཆུ་འདྲེན་གྱིས་ཚྭ་མཚེའུ་ཆུ་ཁོངས་རིམ་བཞིན་ཇེ་ཆུང་དུ་སོང་ནས་མིག་སྔའི་རྒྱ་ཁྱོན་སྔོན་མའི་རྒྱ་ཁྱོན་གྱི་10%ཡས་མས་ལས་མེད། ཆུའི་ནང་ཚྭ་འདུས་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་ཕྱིན་པའི་དབང་གིས་ཚྭ་མཚེའུ་ནང་གི་སྲོག་ཆགས་དང་རྩི་ཤིང་དག་ད་ཆ་རིམ་བཞིན་སྟོངས་བཞིན་ཡོད་པ་དང་། ཆུ་སྐམ་པའི་ས་ཁོངས་ཀྱང་ས་གནས་དེ་གའི་ཚྭ་རྡུལ་རླུང་འཚུབ་དང་བྱེ་རྡུལ་རླུང་འཚུབ་ཀྱི་འབྱུང་ཁུངས་སུ་གྱུར་ནས་ས་གནས་དེ་གའི་རྨོ་ཞིང་ཚྭ་འགྱུར་ཉིན་བཞིན་ཚབས་ལྕི་རུ་འགྲོ་བཞིན་ཡོད།
ཤིན་ཅང་སྐྱེ་ཁམས་དང་ས་ཁམས་སུའོ་ཡི་སུའོ་ཀྲང་ཀྲང་ཡོན་མིང་གིས། འདི་ལོ་ཕྱོགས་ཁག་གིས་ཧ་སག་སི་ཐན་གྱི་ཚྭ་མཚེའུ་ཡི་རྒྱུད་དུ་ཚན་རིག་རྟོག་ཞིབ་བྱེད་སྒོ་སྤེལ་ནས་རྒྱལ་ཁབ་སྔར་བས་མང་བའི་མཁས་དབང་གིས་ཚྭ་མཚེའུ་ཡི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་མཉམ་ལས་བྱས་ཏེ། ཨེ་ཤེ་ཡ་དབུས་མའི་ས་ཁུལ་གྱི་ལྗང་མདོག་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མངོན་འགྱུར་ཡོང་བའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད། ཚྭ་མཚེའུ་རྒྱལ་སྤྱིའི་གསར་གཏོད་ལྟེ་གནས་ཀྱི་ཀྲུའུ་རེན་ཧ་པི་པུའུ་ལ་ཡེ་ཧྥུའུ་ཡིས“ཀྲུང་གོས་བྱེ་ཐང་ཅན་འགོག་བཅོས་དང་ཆུ་གྲོན་ཆུང་གི་ཞིང་ལས་སོགས་ཁྱབ་ཁོངས་སུ་སྔོན་ཐོན་གྱི་ལག་རྩལ་དང་གཡུར་དུ་ཟ་བའི་གྲུབ་འབྲས་གསོག་འཇོག་བྱས་ཡོད། སླད་ཕྱིན་ཕྱོགས་ཁག་གིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཨེ་ཤེ་ཡ་དབུས་མའི་ས་ཁུལ་གྱི་སྐྱེ་ཁམས་བཅོས་སྐྱོང་མུ་མཐུད་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད”བརྗོད།