ཀྲུང་གོ་ཕྱོགས་ཀྱི་འཐུས་མིས་བརྗོད་དོན།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་18ཉིན། 09:38】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་སུའེ་ཙེར་གྱི་གྲོང་ཁྱེར་རི་ནེ་ཝར་ཞབས་ཞུའི་ཚོང་དོན་ལས་འཛིན་ལྷན་ཚོགས་ཀྱི་ལོ་འཁོར་གྱི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཤིང་། ཀྲུང་གོ་ཕྱོགས་ཀྱིས“སྒོ་ཁྲལ་འདྲ་མཚུངས”སྐོར་གྱི་ཨ་རིའི་གོ་བ་ལོག་ཁྲིད་རང་བཞིན་གྱི་བརྗོད་ཚུལ་དང་ནོར་འཁྲུལ་གྱི་གཏན་ཚིགས་བརྗོད་དེ། ཨ་རི་ཕྱོགས་ལ་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་ལ་བརྩི་སྲུང་ཏན་ཏིག་ཞུས་ནས། ཕྱོགས་མང་མཉམ་ལས་བྱེད་པ་ལས་ཕྱོགས་རྐྱང་པའི་བྱ་ཐབས་ལ་བརྟེན་ནས་ཕྱོགས་འགལ་ཐག་གཅོད་བྱེད་མི་རུང་བར། ཕྱོགས་ཁག་དང་མཉམ་དུ་འཛམ་གླིང་ཚོང་དོན་མ་ལག་གི་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
ཀྲུང་གོ་ཕྱོགས་ཀྱི་འཐུས་མིས་བརྗོད་དོན། ཨ་རི་ནི་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་དྲང་ཁྱད་ཆེ་ཤོས་ཀྱི་རྒྱལ་ཁབ་ཡིན་པ་དང་། ཚོང་དོན་རོགས་ཟླ་གཙོ་བོར་ཞབས་ཞུའི་ཚོང་དོན་དྲང་ཁྱད་ཡུན་རིང་རྒྱུན་འཁྱོངས་བྱས་པ་དང་། 2024ལོར་དྲང་ཁྱད་ཨ་སྒོར་དུང་ཕྱུར་3000ཙམ་ཟིན་ཡོད། དེས་མ་ཚད། ཨ་རིས་གོ་ལ་ཧྲིལ་པོའི་རིན་ཐང་འཁོར་འབྲེལ་ཁྲོད་ཟུར་སྣོན་རིན་ཐང་ཆེ་ཤོས་ཀྱི་ཞིབ་འཇུག་གསར་སྤེལ་དང་། ཇུས་འགོད། ཕྱིར་ཚོང་སོགས་ཀྱི་ལྷུ་ཚིགས་བྱ་བར་གཏིང་ཟབ་ཞུགས་པ་བརྒྱུད། རྒྱལ་སྤྱིའི་ཚོང་དོན་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ཁྲོད་ཚོང་དོན་གྲངས་གཞིའི་ནང་མངོན་པ་ལས་ཧ་ཅང་མཐོ་བའི་ཁེ་བཟང་ཐོབ་ཡོད། གཞན་ཡང་། ཨ་རི་ཕྱོགས་ཀྱིས་དངོས་ཟོག་ཚོང་དོན་ཐད“གྱོང་རག་པ”ཁོ་ན་གླེང་བ་ལས་ཞབས་ཞུའི་ཚོང་དོན་ཐད“ཁེ་སྤོགས་ཐོབ་པ”གཏན་ནས་མི་གླེང་བ་དེ་ནི་ཕྱོགས་རེ་བ་དང་གོ་བ་ལོག་ཁྲིད་རང་བཞིན་ལྡན་པ་མངོན་གསལ་རེད། ཨ་རི་ཕྱོགས་ཀྱིས་ཚད་གཞི་ཉིས་བརྩེགས་སྤྱད་དེ་ཁྱབ་ཁོངས་མི་འདྲ་བའི་སྒྲིག་སྲོལ“མཐུན་ན་སྤྱོད་པ་དང་མི་མཐུན་ན་འདོར”མི་རུང་ལ། རང་ཉིད་ཁོ་ནར་ཁེ་སྤོགས་ཐོབ་པ་ལས་ཁོངས་མི་གཞན་དག་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་ཁོངས་མིར་ཁེ་སྤོགས་ཐོབ་ཏུ་མི་འཇུག་པ་གཏན་ནས་བྱེད་མི་རུང་།
ཀྲུང་གོ་ཕྱོགས་ཀྱི་འཐུས་མིས་བརྗོད་དོན། ཀྲུང་གོ་དང་ཨ་རིས་འདྲ་མཉམ་གྲོས་མོལ་བྱས་པ་བརྒྱུད་ཐུན་མོང་གི་ངོས་འཛིན་བྱུང་ནས་ཛ་དྲག་གི་དུས་བབ་ཞི་ལྷོད་དུ་ཕྱིན་ཡོད། ཕྱོགས་གཉིས་པོའི་གྲོས་མོལ་ནི་ཚོང་དོན་ཕོག་ཐུག་ཞི་ལྷོད་དུ་གཏོང་བ་དང་ཐག་གཅོད་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད། འོན་ཀྱང་ཕྱོགས་གཉིས་པོས་བཀོད་སྒྲིག་བྱེད་སྐབས་འཛམ་གླིང་ཚོང་དོན་སྒྲིག་སྲོལ་རྨང་གཞིར་འཛིན་དགོས་པ་ལས། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་མཐོང་ཆུང་བྱེད་མི་རུང་བའི་རྩ་དོན་ལས་འགལ་མི་རུང་ལ། ཕྱོགས་གསུམ་པའི་ཁེ་ཕན་ལ་གནོད་འཚེ་དེ་བས་གཏོང་མི་རུང་། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲོམ་གཞིའི་འོག ཕྱོགས་ཁག་གིས་རང་སོ་སོའི་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་བྱེད་པ་དང་། ཕྱོགས་མང་མཉམ་ལས་བྱེད་པ་ལས་ཕྱོགས་རྐྱང་པའི་བྱ་ཐབས་ལ་བརྟེན་ནས་ཚོང་དོན་གྱི་རྩོད་གཞི་ཐག་གཅོད་བྱེད་མི་རུང་། འཛམ་གླིང་ཚོང་དོན་རྩ་འཛུགས་སྒྱུར་བཅོས་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས་སྒོ་དབྱེ་དང་། བརྟན་ལྷིང་། སྔོན་དཔག་ཐུབ་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་བརྟན་དུ་གཏོང་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡིན།