གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་13ཉིན། 10:23】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། 2025ལོའི“ཀྲུང་གོ་བཟོ་ཚོང་དངུལ་ཁང་བུམ་པའི”མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་ཉེར་བཞི་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཟི་ལིང་དུ་འཚོགས་པ་རེད། སྐབས་འདིའི་འགྲན་བསྡུར་ཟླ་7ཚེས་5ཉིན་ཟི་ལིང་དུ་འགོ་འཛུགས་རྒྱུ་ཡིན་པ་དང་རྐང་འཁོར་རུ་ཁག་22འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་དེའི་ལམ་ཐག་ཧྲིལ་པོར་སྤྱི་ལེ་1400ཡོད་པ་རེད།
2025ལོའི་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་ཉེར་བཞི་པའི་དུས་ཡུན་ཉིན་8ཡིན་པ་དང་འགྲན་དུམ་8ཡོད་པ་དང་བསྡོམས་ལམ་ཐག་སྤྱི་ལེ་1400ཟིན་པའི་ནང་འགྲན་བསྡུར་ལམ་ཐག་སྤྱི་ལེ་1325དང་། འགྲན་ལམ་བརྗེ་སྒྱུར་སྤྱི་ལེ་65 དམིགས་བསལ་གྱི་རྐང་འཁོར་བཞོན་ལམ་སྤྱི་ལེ་10བཅས་ཡོད་པ་རེད། ཟླ་7ཚེས་13ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདའ་བཞི་རྫོང་དུ་མཇུག་འགྲིལ་རྒྱུ་རེད། འགྲན་བསྡུར་གྱིས་གོ་ལ་ཧྲིལ་པོའི་གླིང་ཆེན་བཞིའི་རྒྱལ་ཁབ་11ནས་ཡོང་བའི་རུ་ཁག་22དང་ལུས་རྩལ་པ་154འགྲན་བསྡུར་ནང་ཞུགས་རྒྱུའི་ཡིད་དབང་བཀུག་པའི་ནང་འཛམ་གླིང་གི་རྩེར་སོན་རྐང་འཁོར་རུ་ཁག་1དང་། ལས་རིགས་རྐང་འཁོར་རུ་ཁག་8 གླིང་ཆེན་དབར་གྱི་རྐང་འཁོར་རུ་ཁག་13བཅས་ཚུད་ཡོད་པ་རེད།
མཚོ་སྔོན་པོ་སྐོར་བའི་འགྲན་བསྡུར་གྱི་ཁོངས་སུ་ལས་རིགས་རྩལ་འགྲན་དང་། མང་ཚོགས་ལུས་རྩལ། གཞོན་ནུ་ལོ་ཆུང་གསོ་སྐྱོང་། དམངས་ཚོགས་སྤྲོ་གསེང་སོགས་འགྲན་བསྡུར་བྱེད་སྒོ་ཁག་38ཚུད་པའི་ཕྱོགས་ཡོངས་ཀྱི་རྐང་འཁོར་འགྲན་དུས་མ་ལག་བཙུགས་ཡོད། འགྲན་བསྡུར་དེ་དུས་ཡུན་ཐུང་ངུའི་བྱེད་སྒོ་ནས་རྒྱུན་རྣམ་ཅན་དང་། གཞི་ཁྱོན་ཅན། སྤུས་རྟགས་ཅན་བཅས་ཀྱི་འགྲན་དུས་ཀྱི་རྣམ་པར་ཕྱོགས་སྒྱུར་རིམ་སྤོར་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། “འགྲན་བསྡུར་བྱེད་ཞོར་ཡུལ་སྐོར་དུ་སྐྱོད་པའི”བྱེད་སྒོ་གཏིང་ཟབ་སྤེལ་ནས་འགྲན་བསྡུར་གྱི་དུས་འཁོར་ལ་དམིགས་ཏེ་སྐྱེ་ཁམས་ལྟ་སྐོར་དང་། མངོན་མིན་རིག་གནས་ཤུལ་བཞག་མྱོང་རོལ། ཁྱད་ལྡན་ཞིང་ལས་ཐོན་རྫས་འགྲེམས་ཚོང་སོགས་ཀྱི་ལས་རྣམ་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་ཏེ། བརྗོད་དོན་གཙོ་བོའི་རྐང་འཁོར་བཞོན་པ་དང་། ཕྱི་རོལ་དུ་སྒར་རྒྱག་པ། ལུས་རྩལ་ཞིབ་སློབ་སོགས་མཉམ་འདུས་རྣམ་པའི་ཐོན་རྫས་གསར་སྤེལ་གྱིས“ཞིང་ལས་དང་། ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་དོན”བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་འགྲན་བསྡུར་དཔལ་འབྱོར་དང་། རིག་གནས་ཡུལ་སྐོར་དང་དམངས་ཕན། ཐོན་ལས་མཉམ་འདྲེས་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་མཚོ་སྔོན་གྱི་དཔེ་སྟོན་ཞིག་ཏུ་གྱུར་ཡོད།