འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་13ཉིན།

༄༅།།ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་པར་སྐུལ་འདེད་བཏང་ནས་རྒྱལ་སྤྱིའི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས།

—— མཉམ་འབྲེལ་རྒྱལ་ཚོགས་ཀྱི“ཤེས་དཔལ་གླེང་མོལ་གྱི་རྒྱལ་སྤྱིའི་ཉིན་མོའི”གོ་ལ་ཧྲིལ་པོའི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཐོག་མ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་རུ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་13ཉིན། 10:22】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་གྱི་གསར་འགོད་པ། ལི་ཀྲི་ཝུའེ།

    གྲོང་ཁྱེར་ཉིའུ་གཡོད་ཀྱི་དུས་ཚོད་ཟླ་6ཚེས་9ཉིན། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཚོགས་པས་ཉིའུ་གཡོད་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་རུ“ཤེས་དཔལ་གླེང་མོལ་གྱི་རྒྱལ་སྤྱིའི་ཉིན་མོའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཞིང་། བྱེད་སྒོའི་ནང་བརྗོད་དོན་གཙོ་བོའི་གླེང་མོལ་ཚོགས་འདུ་དང་། ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་པའི་རིམ་སྤེལ་འགྲེམས་སྟོན། དེ་བཞིན“ཀླུང་བརྒལ་མཚོ་སྒྲོལ་གྱི་ཤེས་དཔལ་གླེང་མོལ”གྱི་ཆེད་དོན་རིག་རྩལ་འཁྲབ་སྟོན་སོགས་ཚུད་ཡོད། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་རྒྱལ་ཁབ་ཁག་གི་མཐོ་རིམ་ཕྱི་འབྲེལ་དཔོན་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཁྲུའི་མཐོ་རིམ་དཔོན་རིགས། དེ་བཞིན་ཉིའུ་གཡོད་ཀྱི་ལས་རིགས་ཁག་གི་མི་སྣ་སོགས་མི་1000ལྷག་ཙམ་བྱེད་སྒོར་ཞུགས་པ་རེད། ཚོགས་ཞུགས་མི་སྣས་ཤེས་དཔལ་གླེང་མོལ་གྱི་ནུས་པ་གལ་ཆེན་ནན་བཤད་བྱས་པ་མ་ཟད། ད་དུང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཤེས་དཔལ་གླེང་མོལ་བྱས་ཏེ་ཕན་ཚུན་བསམ་ཤེས་བྱེད་པར་སྐུལ་འདེད་གཏོང་བ་དང་། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་དགོས་པའི་འབོད་སྐུལ་ཀྱང་བྱས་པ་རེད།

 “ཤེས་དཔལ་གླེང་མོལ་ལ་ཤུགས་སྣོན་བརྒྱབ་ན། ང་ཚོར་གཞི་ནས་སྔར་ལས་ཞི་བདེ་དང་། མཐུན་སྒྲིལ། དྲང་གཞག་བཅས་ཀྱི་འཛམ་གླིང་ཞིག་ཡོང་རྒྱུ་རེད”

     2023ལོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་བབ་བརླིང་གཟབ་ནན་ངང་བཏོན་གནང་ནས་འཛམ་གླིང་གི་ཤེས་དཔལ་གྱི་སྣ་མང་རང་བཞིན་ལ་བརྩི་འཇོག་བྱེད་དགོས་པ་དང་། མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་དགོས་པ། ཤེས་དཔལ་རྒྱུན་འཛིན་དང་གསར་གཏོད་ལ་མཐོང་ཆེན་བྱེད་དགོས་པ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མི་ཆོས་རིག་གནས་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་ཀྱི་སྣེ་ཁྲིད་སྲོལ་གཏོད་ཀྱང་གནང་ཡོད། 2024ལོའི་ཟླ་6པར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བརྒྱད་པའི་ཐོག་གྲོས་མོལ་བྱས་པ་བརྒྱུད། ཀྲུང་གོ་སོགས་རྒྱལ་ཁབ་83གྱིས་བཏོན་པའི་གྲོས་ཆོད་ལ་གྲོས་འཆམ་གཅིག་མཐུན་བྱུང་ནས་ལོ་ལྟར་གྱི་ཟླ་6ཚེས་10ཉིན“ཤེས་དཔལ་གླེང་མོལ་གྱི་རྒྱལ་སྤྱིའི་ཉིན་མོར”གཏན་འཁེལ་བྱས་ཡོད། འདི་ལོའི་ཟླ་6ཚེས་10ཉིན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི“ཤེས་དཔལ་གླེང་མོལ་གྱི་རྒྱལ་སྤྱིའི་ཉིན་མོ”ཐོག་མ་དེ་རེད།

    མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སི་ཡིས། མཉམ་འབྲེལ་རྒྱལ་ཚོགས་དེ་ཉིད་གཞི་རྩའི་དད་སེམས་ཤིག་བཅངས་ནས་བཙུགས་པ་སྟེ། གླེང་མོལ་བྱེད་པ་ནི་ཞི་བདེའི་ཕྱོགས་སུ་སྐྱོད་པའི་ཐབས་ལམ་ཞིག་རེད།“ཤེས་དཔལ་གླེང་མོལ་གྱི་རྒྱལ་སྤྱིའི་ཉིན་མོ”ཐོག་མའི་སྐབས་དང་བསྟུན་ནས་ང་ཚོས་དད་སེམས་དེ་དར་སྤེལ་གཏོང་དགོས་ཤིང་། ཕན་ཚུན་བསམ་ཤེས་དང་གོ་ལ་ཧྲིལ་པོའི་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་ཕུན་སུམ་ཚོགས་པའི་སྣ་མང་རང་བཞིན་གྱི་ཤེས་དཔལ་གྱི་སྟོབས་ཤུགས་དར་སྤེལ་གཏོང་དགོས་ཞེས་བརྗོད་པ་རེད།

“ཕྱོགས་ཁག་གིས་ལག་གདང་སྦྲེལ་ན། འཛམ་གླིང་འདི་ཉིད་སྔར་ལས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་ཐུབ”

    ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་པའི་རིམ་སྤེལ་འགྲེམས་སྟོན་ཐོག་བརྒྱུད་ལམ་སྣེ་མང་ལག་རྩལ་ལ་བརྟེན་ནས་བཏོད་པའི“《ཤེས་དཔལ་གྱི་བསྒྲགས་གཏམ》——མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་མཛེས་སྡུག་རི་མོ་Ⅰ”ཅེས་པ་དང་། “ཉི་མའི་འོད——གནའ་བོའི་སི་ཁྲོན་རྒྱུད་ཀྱི་ཤེས་དཔལ་དང་འཛམ་གླིང”ཞེས་པ། “ཤེས་དཔལ་དཔྱད་གཞིར་འཛིན་པ·འཛམ་གླིང་ཡོངས་ཀྱི་རེ་འདོད”ཅེས་པའི་རི་མོ་པར་སྐྲུན་འགྲེམས་སྟོན་བྱས་པ་ལས། རྒྱལ་ཁབ་ཁག་གི་སྐུ་མགྲོན་ཚོས་ཤེས་དཔལ་དང་རིག་དངོས་མི་འདྲ་བ་ཡུལ་དུས་བརྒལ་ནས་མཉམ་འགུལ་བྱུང་བ་དང་དེ་བཞིན་མིའི་རིགས་ཀྱི་ཤེས་དཔལ་གྱི་གསུང་རབ་གྲུབ་འབྲས་གཅེས་བཏུས་བྱུང་བའི་མྱོང་ཚོར་ཐུབ་ལ། “བསྟུན་ཀྱང་གཅིག་མཚུངས་མི་བྱེད་པར་རྒྱན་ཐོག་རྒྱན་མཛེས་ཀྱི་མཛེས་སྡུག་མངོན”ཞེས་པའི་འདུ་ཤེས་ཀྱང་ཤེས་རྟོགས་ཐུབ་ཡོད། “ཀླུང་བརྒལ་མཚོ་སྒྲོལ་གྱི་ཤེས་དཔལ་གླེང་མོལ”ཞེས་པའི་ཆེད་དོན་རིག་རྩལ་འཁྲབ་སྟོན་དེས“འཛམ་གླིང་གི་གླེང་མོལ”གཙོ་བོར་བྱས་པ་དང་། འཛམ་གླིང་ས་གནས་ཁག་གི་སྒྱུ་རྩལ་པས་མཉམ་དཀྲོལ་རོལ་དབྱངས་དང་། ཁྲོམ་གཞུང་ཞབས་བྲོ། དྲག་རྩལ། ཞབས་བྲོ། མཉམ་གཞས་སོགས་སྒྱུ་རྩལ་གྱི་རྣམ་པ་སྣ་ཚོགས་བརྒྱུད། ཤེས་དཔལ་མི་འདྲ་བ་སྤེལ་རེས་དང་མཉམ་འདྲེས་བྱུང་བ་མངོན་པར་བྱས་པ། སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་ཞིབ་ཆ་དང་དེང་རབས་ཀྱི་གསར་གཏོད་མངོན་ཚུལ་མཚོན་པར་བྱས་པ། ཞི་བདེ་མཉམ་གནས་ཀྱི་འདུ་ཤེས་བརྒྱུད་སྤྲོད་བྱས་པ། མིའི་རིགས་ཀྱིས་འཆམ་མཐུན་འཕེལ་རྒྱས་ཐུན་མོང་དོན་གཉེར་བྱེད་ལུགས་མངོན་པར་བྱས་ཡོད།

“ཀྲུང་ཧྭའི་ཤེས་དཔལ་ལས་འཛམ་གླིང་གི་རྩ་ཆེའི་རྒྱུ་ནོར་ཕུན་སུམ་ཚོགས་སུ་ཕྱིན་པ”

    “ཤེས་དཔལ་གླེང་མོལ་གྱི་རྒྱལ་སྤྱིའི་ཉིན་མོ”གཏན་འཁེལ་བྱ་རྒྱུའི་སྐོར་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ཀྱི་ནང་དོན་ཐོག་ནས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོའི་དོན་སྙིང་གཙོ་བོ་གང་ལེགས་མཚོན་གྱི་ཡོད། “ཤེས་དཔལ་གླེང་མོལ་གྱི་རྒྱལ་སྤྱིའི་ཉིན་མོ”གཏན་འཁེལ་བྱས་པའི་དམིགས་ཡུལ་ནི་ཤེས་དཔལ་གྱི་སྣ་མང་རང་བཞིན་དང་ཤེས་དཔལ་སྤེལ་རེས་མཉམ་ལས་ཀྱི་རིན་ཐང་གལ་ཆེན་ཐད་ཀྱི་འཛམ་གླིང་ཡོངས་ཀྱི་ངོས་འཛིན་ཐུབ་ཚད་མཐོ་རུ་དང་། ཤེས་དཔལ་སྣ་ཚོགས་སྤེལ་རེས་དང་དཔྱད་གཞིར་འཛིན་པར་ཤུགས་སྣོན། མཐུན་སྒྲིལ་ཟབ་གཏོང་། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ཐག་གཅོད་བྱེད་ཐབས་ཐུན་མོང་ཐོག་འཚོལ་ཞིབ་བཅས་བྱེད་པའི་ཆེད་དུ་རེད། ཀྲུང་གོས་མི་ཆོས་རིག་གནས་སྤེལ་རེས་དང་ཤེས་དཔལ་དཔྱད་གཞིར་འཛིན་པའི་འབྲེལ་ཟམ་སྐྲུན་པར་ཤུགས་བརྒྱབ་སྟེ། མིའི་རིགས་ཐུན་མོང་ཡར་རྒྱས་དང་འཛམ་གླིང་དར་རྒྱས་གོང་འཕེལ་ཡོང་བར་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཡོད།

     “ཤེས་དཔལ་གླེང་མོལ་གྱི་རྒྱལ་སྤྱིའི་ཉིན་མོ”གཏན་འཁེལ་བྱས་པ་དེ་ཤེས་དཔལ་གླེང་མོལ་ལ་སྐུལ་འདེད་གཏོང་རྒྱུ་དང་མིའི་རིགས་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཡོངས་ཁྱབ་རེ་འདུན་དང་བསྟུན་པ་ཞིག་རེད།