འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་13ཉིན།

༄༅།།མཐུན་འགྲོགས་མཉམ་གནས་ཀྱི་ཤེས་དཔལ་ཤེས་རིག་དེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཇུས་གཞིར་འགྱུར་བཞིན་པ།

ཧོ་དབྱིན།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་13ཉིན། 10:21】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    “ཤེས་དཔལ་གླེང་མོལ་གྱི་རྒྱལ་སྤྱིའི་ཉིན་མོ”འཛུགས་རྒྱུར་སྐུལ་འདེད་གཏོང་བ་ནི་ཀྲུང་གོས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་ལག་ལེན་བསྟར་བའི་བྱ་ཐབས་ཏན་ཏིག་ཅིག་ཡིན་པས། མཐུན་འགྲོགས་མཉམ་གནས་ཀྱི་ཤེས་དཔལ་ཤེས་རིག་དེ་གོ་ལ་ཧྲིལ་པོ་བཅོས་སྐྱོང་ཇུས་གཞིའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཏུ་འགྱུར་བཞིན་ཡོད།

    ད་ལོའི་ཟླ་6ཚེས་10ཉིན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི“ཤེས་དཔལ་གླེང་མོལ་གྱི་རྒྱལ་སྤྱིའི་ཉིན་མོ”ཐོག་མ་དེ་ཡིན། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་ནི་ཤེས་དཔལ་འཕེལ་རྒྱས་འགྲོ་བའི་ངོ་བོའི་བླང་བྱ་རེད་ལ། མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་དང་འཛམ་གླིང་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཀྱང་རེད། མིག་སྔར། འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་ལས་བྱུང་བའི་རྡབ་རྡེག་ཆེན་པོའི་ཁྲོད་ཤེས་དཔལ་གྱི་རིན་ཐང་སྔར་བས་མངོན་གསལ་དོད་པོར་གྱུར་བ་དང་ཤེས་དཔལ་ཕན་ཚུན་མཉམ་འགུལ་བྱ་རྒྱུ་གལ་འགངས་ཆེན་པོ་ཆགས་ཏེ། ཤེས་དཔལ་ཐད་གླེང་མོལ་བྱ་རྒྱུ་དུས་སུ་བབས་ཡོད།

    “ཤེས་དཔལ་གླེང་མོལ་གྱི་རྒྱལ་སྤྱིའི་ཉིན་མོར”རྟེན་འབྲེལ་ཞུ་ཆེད། ཚེས་9ཉིན། “ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་པའི”གོ་ལ་ཧྲིལ་པོའི་གླེང་མོལ་གྱི་རིམ་སྤེལ་བྱེད་སྒོ་ཨ་རིའི་ཉིའུ་གཡོད་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་རུ་འཚོགས་ཤིང་། བརྗོད་དོན་གཙོ་བོའི་གླེང་མོལ་ཚོགས་འདུའི་ཐོག་ཕྱོགས་ཁག་གི་འཐུས་མིས་ཀྲུང་གོས་བཏོན་པའི་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོའི་འཛམ་གླིང་གི་དོན་སྙིང་ལ་བསྔགས་བརྗོད་ཆེན་པོ་བྱས་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་པ་དང་། ཤེས་དཔལ་གླེང་མོལ་ལ་སྐུལ་འདེད་བཏང་སྟེ་ཞི་བདེ་འཕེལ་རྒྱས་སྲུང་སྐྱོང་བྱེད་དགོས་པའི་འབོད་སྐུལ་ཡང་བྱས་ཡོད། “གླེང་མོལ་ནི་ཞི་བདེར་ཕྱོགས་པའི་ཐབས་ལམ་ཞིག་ཡིན”ཞེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སི་ཡིས་ཤིས་ཚིག་ནང་གསུངས་ཤིང་། ཁོང་གིས“‘ཤེས་དཔལ་གླེང་མོལ་གྱི་རྒྱལ་སྤྱིའི་ཉིན་མོ’ཐོག་མ་སླེབས་ལ་ཉེ་བའི་སྐབས། ང་ཚོས་དད་སེམས་འདི་འདྲ་ཞིག་དར་སྤེལ་གཏོང་དགོས་པ་སྟེ། ཤེས་དཔལ་གྱི་སྣ་མང་ཕུན་སུམ་ཚོགས་པའི་རང་བཞིན་དར་སྤེལ་གཏོང་བ་དེ་ཕན་ཚུན་བསམ་ཤེས་དང་གོ་ལ་ཧྲིལ་པོའི་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཤིག་ཏུ་འགྱུར་བར་བྱེད་དགོས་པ་དེ་ཡིན”ཞེས་བརྗོད། ན་ནིང་། ཁོངས་མིའི་རྒྱལ་ཁབ་ཁག་གིས་མགྲིན་གཅིག་ཏུ་རྒྱབ་སྐྱོར་བྱས་པ་བརྒྱུད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བརྒྱད་པས་ཀྲུང་གོ་སོགས་རྒྱལ་ཁབ་83གྱིས་བཏོན་པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་སྟེ། ལོ་ལྟར་གྱི་ཟླ་6ཚེས་10ཉིན་དེ“ཤེས་དཔལ་གླེང་མོལ་གྱི་རྒྱལ་སྤྱིའི་ཉིན་མོར”གཏན་འཁེལ་བྱས་ཤིང་། གྲོས་ཆོད་དེས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོའི་དོན་སྙིང་གཙོ་བོ་གང་ལེགས་མངོན་ནས་ཤེས་དཔལ་གླེང་མོལ་ལ་སྐུལ་འདེད་དང་། མིའི་རིགས་ཡར་ཐོན་ལ་སྐུལ་མ་གཏོང་བའི་མི་རིགས་ཁག་གི་མི་དམངས་ཀྱི་ཡོངས་ཁྱབ་ཀྱི་འདུན་པ་དང་མཐུན་པར་བརྟེན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་རྒྱ་ཁྱབ་ཏུ་ཐོབ་ཡོད།

    “2024ལོའི་ཧྲང་ཧའེ་རྩ་འཛུགས་རྒྱལ་ཁབ་ཀྱི་ཤེས་དཔལ་གླེང་མོལ”ནས“འབོ་གསེར་རྒྱལ་ཁབ་དབར་ཤེས་དཔལ་གླེང་མོལ”བྱེད་པའི་བར་དང་། 2024ལོའི་ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་ཤེས་དཔལ་གླེང་མོལ་བྱེད་པ་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་ཤེས་དཔལ་གླེང་མོལ་གྱི་ཚོགས་ཆེན་སྐབས་བཞི་པ་འཚོགས་པའི་བར་ཀྲུང་གོས་ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་པའི་སྐུལ་སྤེལ་སྟོབས་ཤུགས་མཐའ་འཁྱོངས་དང་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་གཞི་ཚུགས་རྒྱུར་སྐུལ་འདེད་བཏང་སྟེ། མིའི་རིགས་ཧྲིལ་པོར་ཞབས་འདེགས་སྔར་ལས་མང་བ་ཞུ་བའི་སྤྱི་པའི་ཐོན་རྫས་ཤིག་ཏུ་འགྱུར་བར་བྱེད་བཞིན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེང་གི་ཀྲུང་གོས་གྲོས་འགོ་བཏོན་ནས་ཤེས་དཔལ་མི་འདྲ་བའི་དབར་འདྲ་མཉམ་ངང་གླེང་མོལ་བྱེད་པའི་ཐད་གལ་འགངས་ཧ་ཅང་ཆེ་བའི་སྣེ་ཁྲིད་ནུས་པ་བཏོན་པའི་ངོས་འཛིན་ཡོངས་ཁྱབ་ཏུ་བྱས་ཡོད།

    རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཤེས་དཔལ་གྱི་གླེང་མོལ་བྱས་པ་ལས་གོ་ལ་ཧྲིལ་པོའི་དཀའ་གནད་སེལ་ཐབས་ཀྱི་རྣམ་དཔྱོད་བླངས་པ་དེས་འཛམ་གླིང་དེང་རབས་ཅན་དུ་འགྱུར་བའི་འགྲོ་ལམ་རྒྱ་བསྐྱེད་གཏོང་བར་ཕན་པ་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་རྩ་བ་བརྟན་པོ་བཙུགས་པ་དེས་ཀྲུང་གོའི་ཤེས་དཔལ་གྱི་དེང་རབས་ཅན་གྱི་རྒྱུན་བསྟུད་པ་དང་མིའི་རིགས་ཀྱི་ཕུལ་བྱུང་ཤེས་དཔལ་གྱི་གྲུབ་འབྲས་ཡོངས་དཔྱད་གཞི་དང་བསྡུ་ལེན་བྱས་ཡོད།

     འཛམ་གླིང་རྒྱལ་ཁབ་ཁག་གིས་ལས་དབང་གཅིག་མཐུན་གྱི་གྲུ་གཟིངས་ཆེན་པོར་མཉམ་དུ་བསྡད་དེ་ཞི་བདེའི་འདུན་པ་དང་། དཔལ་འབྱོར་དར་རྒྱས། ཚན་རྩལ་ཡར་ཐོན་བཅས་ཡོང་བར་གཞོལ་བ་མ་ཟད། ཤེས་དཔལ་གྱི་སྣ་མང་རང་བཞིན་དང་མིའི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཕུགས་འདུན་ཡང་བཅངས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་གོ་ལ་ཧྲིལ་པོའི་གྲོས་འགོ་ལག་ལེན་བསྟར་ནས་ཤེས་དཔལ་འདྲ་མཉམ་སྲུང་སྐྱོང་མཁན་དང་། ཤེས་དཔལ་སྤེལ་རེས་ལག་ལེན་བསྟར་མཁན། ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་མཁན་བཅས་བྱས་ཏེ། གླེང་མོལ་གྱི་རླུང་གཡོར་བཏེགས་པ་དང་མཉམ་འདྲེས་ཀྱི་གླུ་དབྱངས་བརྩམས་ནས་ལོ་བརྒྱའི་འཕོ་འགྱུར་དེ་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ཡོང་བར་ཕན་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།