འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་13ཉིན།

༄༅།།མཉམ་འབྲེལ་རྒྱལ་ཚོགས་མིའི་འཚོ་སྡོད་ཚོགས་ཆེན་གྱི་རྒྱུན་མཐུད་ཚོགས་འདུས་གོ་ལ་ཧྲིལ་པོའི་སྡོད་ཁང་ཉམས་ཉེན་སྐོར་ལ་གྲོས་བསྡུར་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་13ཉིན། 10:21】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ནེ་རོ་པི་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་མིའི་འཚོ་སྡོད་ཚོགས་ཆེན་སྐབས་གཉིས་པའི་རྒྱུན་མཐུད་ཚོགས་འདུ་ཁེན་ནི་ཡའི་རྒྱལ་ས་ནེ་རོ་པི་རུ་འཚོགས་པ་རེད། གོ་ལ་ཧྲིལ་པོའི་འཐུས་མི་1200ཙམ་ཚོགས་འདུར་ཞུགས་ནས་གོ་ལ་ཧྲིལ་པོའི་སྡོད་ཁང་ཉམས་ཉེན་ལ་ཇི་ལྟར་བྱས་ནས་ཁ་གཏད་གཅོག་རྒྱུའི་སྐོར་ལ་ཐུན་མོང་ཐོག་གྲོས་བསྡུར་བྱས་པ་རེད།

    མཉམ་འབྲེལ་རྒྱལ་ཚོགས་མིའི་འཚོ་སྡོད་འཆར་འགོད་ཧྲུའུ(མིའི་འཚོ་སྡོད་ཧྲུའུ)ཡི་ལག་བསྟར་ཀྲུའུ་རེན་ཨ་ནཱ་ཁེ་ལའོ་ཏི་ཡཱ·ལུའོ་སི་པཱ་ཧོས། རྒྱུན་མཐུད་ཚོགས་འདུའི་འགོ་ཚུགས་ཤིས་ཚིག་ནང་མིག་སྔའི་གོ་ལ་ཧྲིལ་པོའི་སྡོད་ཁང་ཉམས་ཉེན་གྱིས་མི་དུང་ཕྱུར་30ཙམ་ལ་ཤུགས་རྐྱེན་ཐེབས་ཡོད། གལ་སྲིད་བྱ་སྤྱོད་མ་སྤེལ་ཚེ་དེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་ཡོང་བར་འགོག་རྐྱེན་ཚབས་ཆེན་བཟོ་སྲིད་ཅེས་བརྗོད་པ་རེད། ཁོང་གིས། འགྲོ་བ་མིའི་ཐོབ་ཐང་དང་། ལ་རྒྱ། ཕྱོགས་མང་མཐུན་སྒྲིལ་བཅས་རྨང་གཞིར་བྱེད་པའི་གོ་ལ་ཧྲིལ་པོའི་མཐུན་སྦྱོར་བྱ་སྤྱོད་ལ་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་སྡོད་ཁང་ཉམས་ཉེན་ལ་ཁ་གཏད་གཅོག་རྒྱུའི་འབོད་སྐུལ་བྱས་པ་རེད།

    ཀྲུང་གོ་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའི་པུའུ་ཀྲང་གཞོན་པ་ཏུང་ཅན་གོས། རྒྱུན་མཐུད་ཚོགས་འདུར“མི་ཚང་མར་འོས་འཚམ་གྱི་སྡོད་ཁང་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་དགོས”ཞེས་ཁོང་གིས་རིམ་པ་མཐོ་བའི་གླེང་མོལ་ཐོག་དབུལ་སྒྲོལ་འགག་སྒྲོལ་བྱས་ནས་གྲོང་གསེབ་སྡོད་ཁང་གི་བདེ་འཇགས་འགན་ལེན་ཡོད་པ་དང་། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་དང་གྲབས་གསོག་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཉེན་ཡོད་སྡོད་ཁང་རྙིང་པ་སྒྱུར་བཀོད་ལ་སྐུལ་འདེད་གཏོང་བ་བཅས་ཕྱོགས་གསུམ་གྱི་ཐད་ནས་ཀྲུང་གོས་སྡོད་ཁང་སྲིད་ཇུས་འོས་འཚམ་སྤྱད་དེ་དབུལ་པོ་ཉུང་གཏོང་དང་། ལས་ཞུགས་གསར་གཏོད། ཉམས་ཉེན་སླར་གསོ་བཅས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་བའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ངོ་སྤྲོད་བྱས་པ་རེད།

    མཉམ་འབྲེལ་རྒྱལ་ཚོགས་མིའི་འཚོ་སྡོད་ཧྲུའུ་ཡིས་དཔྱད་དཔོག་བྱས་པར་གཞིགས་ན། གོ་ལ་ཧྲིལ་པོར་མི་དུང་ཕྱུར་28ལྷག་ཙམ་གྱི་སྡོད་ཁང་ཆ་རྐྱེན་ཚད་གཞི་ལོན་མེད་པ་དེའི་ནང་མི་དུང་ཕྱུར་11ལྷག་ཙམ་དབུལ་པོའི་སྡོད་གནས་སམ་ཡང་ན་ཚད་ལྡན་མིན་པའི་སྡོད་ཁུལ་དུ་འཚོ་བ་སྐྱེལ་བཞིན་ཡོད་པ་དང་། མི་དུང་ཕྱུར་3ལྷག་ཙམ་སྡོད་ཁྱིམ་མེད་པའི་གནས་སུ་གྱར་ཡོད། ཨ་ཧྥེ་རི་ཁ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ས་ཁུལ་ཁག་གཅིག་ཏུ་སྡོད་ཁང་གི་དགོས་མཁོ་དང་རྨང་གཞིའི་སྒྲིག་བཀོད་དབར་གྱི་ཧེ་བག་མགྱོགས་མྱུར་ཆེ་རུ་འགྲོ་བཞིན་ཡོད། ཨ་ཧྥེ་རི་ཁར་གྲོང་ཁྱེར་གྱི་སྡོད་ཁང་62%ནི་ཚད་ལྡན་མིན་པའི་སྡོད་ཁང་ཡིན་པ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་དུ་མི་དུང་ཕྱུར་5ལྷག་ཙམ་ལ་གཞི་རྩའི་ཆུ་མེད་པ་དང་མི་དུང་ཕྱུར་10ལྷག་ཙམ་གྱི་ཁོར་ཡུག་འཕྲོད་བསྟེན་གྱི་དགོས་མཁོ་འགན་ལེན་ཐོབ་ཐབས་བྲལ་ཡོད།