འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་12ཉིན།

༄༅།།ཡིག་ཚགས་ཀྱི་ཚད་ལྡན་ཡིག་ཆ་ཁག་52ཐེངས་དྲུག་པའི《ཀྲུང་གོའི་ཡིག་ཚགས་ཀྱི་ཚད་ལྡན་ཡིག་ཆའི་ཤུལ་བཞག་མིང་གཞུང》ནང་ཚུད་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་12ཉིན། 10:53】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་9ཉིན་གྱི་རྒྱལ་སྤྱིའི་ཡིག་ཚགས་ཉིན་མོར་རྒྱལ་ཁབ་ཡིག་ཚགས་ཅུས་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ་ཐེངས་དྲུག་པའི《ཀྲུང་གོའི་ཡིག་ཚགས་ཀྱི་ཚད་ལྡན་ཡིག་ཆའི་ཤུལ་བཞག་མིང་གཞུང》ཡོངས་བསྒྲགས་བྱས་པ་དང་། ཡིག་ཚགས་ཀྱི་ཚད་ལྡན་ཡིག་ཆ་ཁག་52ཚུད་པས་ད་བར《ཀྲུང་གོའི་ཡིག་ཚགས་ཀྱི་ཚད་ལྡན་ཡིག་ཆའི་ཤུལ་བཞག་མིང་གཞུང》ནང་ཚུད་པའི་རྣམ་གྲངས་250ཟིན་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་དྲུག་པའི་ཡིག་ཚགས་ཀྱི་ཚད་ལྡན་ཡིག་ཆའི་ནང་ཚུད་པའི་རྣམ་གྲངས་52ལ་ལོ་རྒྱུས་དང་། རིག་གནས། དུས་རབས་བཅས་ཀྱི་རིན་ཐང་ཆེན་པོ་ལྡན་པ་དང་དེ་ནི་ཀྲུང་གོའི་ཡིག་ཚགས་ཀྱི་ཚད་ལྡན་ཡིག་ཆའི་ཤུལ་བཞག་གི་གཅེས་ནོར་ཡིན་ཞིང་། ནང་དོན་ཕུན་སུམ་ཚོགས་པ་དང་ཁྱབ་རྒྱ་ཆེ་ལ་གཞི་རྟེན་དང་། ལོ་རབས། ཁུལ་ཁོངས། རེ་ཞུའི་ཚན་པ་སོགས་ཐད་ཀྱི་ཁྱབ་ཚུལ་སྙོམས་པོ་ཡོད། ཡིག་ཚགས་ཀྱི་ཚད་ལྡན་ཡིག་ཆ་དེ་དག་ནང་ལོ་རྒྱུས་ཡུན་རིང་ལྡན་པའི་རྩ་ཆེའི་དཔྱད་གཞི་ཚུད་པ་མ་ཟད་ད་དུང་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་གྱི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བ་སོགས་ཀྱི་གསར་བརྗེའི་འབྲེལ་ཡོད་ཚད་ལྡན་ཡིག་ཆ་ཚུད་ཡོད། གཞན་ཡང་ད་དུང་ཅིན་རྒྱལ་རབས་དང་ཡོན་རྒྱལ་རབས་དུས་སྐབས་ཀྱི་ཏའོ་ཅའོ་ཡི་ཡིག་ཚགས་དང་། ཡོན་རྒྱལ་རབས་ཀྱི་ནང་བསྟན་ཡིག་ཚགས། མིང་རྒྱལ་རབས་ཀྱི་རྒྱུགས་ལེན་མིང་གདགས་ཡིག་ཚགས། ཆིང་རྒྱལ་རབས་ཚུན་གྱི་ལོ་རྒྱུས་གལ་ཆེན་དང་ཀྲུང་ཧྭ་མི་རིགས་ཀྱི་སྣང་མང་རིག་གནས། ས་གནས་ལོ་རྒྱུས་ཀྱི་ས་བཀྲ། ལས་གྲྭ་འགངས་ཆེན་གྱི་འཛུགས་སྐྲུན། ཞིང་ལས་ཚན་རྩལ། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་སོགས་ཐད་ཀྱི་ཡིག་ཚགས་ཚུད་ཡོད་ཅིང་། གཞི་རྟེན་གྱི་རྣམ་པ་སྣ་ཚོགས་དང་རེ་ཞུའི་ཚན་པའང་ཡིག་ཚགས་ཁང་དང་། རྟེན་མཛོད་ཁང་། དཔེ་མཛོད་ཁང་སོགས་ཁྱབ་ཁོངས་མང་པོར་ཁྱབ་ཡོད།

ཡིག་ཚགས་ཀྱི་ཚད་ལྡན་ཡིག་ཆའི་ཤུལ་བཞག་ནི་ལོ་རྒྱུས་རིག་གནས་ཤུལ་བཞག་གི་གྲུབ་ཆ་གལ་ཆེན་ཡིན་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་དྲུག་པའི་མིང་གཞུང་གི་དཔྱད་འདེམས་ལས་དོན་ནི་ཐེངས་དང་པོ་ནས་ལྔ་པའི་ཉམས་མྱོང་ཕྱོགས་སྡོམ་བྱེད་པའི་རྨང་གཞིའི་ཐོག་འཛམ་གླིང་དྲན་ཤེས་རྣམ་གྲངས་ཀྱི་རྒྱལ་སྤྱིའི་མིང་གཞུང་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་མིང་གཞུང་། རྒྱལ་ཁབ་ཀྱི་མིང་གཞུང་བཅས་རིམ་གསུམ་མིང་གཞུང་བསྡུ་སྒྲིལ་བྱས་པ་དང་ཆེད་དོན་ལས་ཀའི་ལམ་སྲོལ་བཙུགས་ཏེ་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པའི་ཆ་རྐྱེན་འོག་སྤེལ་བ་ཞིག་རེད།

(བསོད་བདེ་ཆེ་བས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)