འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་12ཉིན།

༄༅།།འབྲི་ཆུའི་ཟུར་གསུམ་ཁུལ་གྱི་དུས་ཚིགས་དང་པོའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་8ལྷག་ཙམ་ཟིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་12ཉིན། 10:51】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་ཧྲང་ཧའེ་ནས་ཟླ་6ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པར་ཤེས་རྟོགས་བྱུང་བར། དུས་ཚིགས་དང་པོར་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་དུས་ཚིགས་དང་པོའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་8ལྷག་ཙམ་ཟིན་ནས་རྒྱལ་ཡོངས་ཀྱི་བསྡུར་ཚད་བཟུང་ཚད་1/4ལས་བརྒལ་ཡོད་པ་རེད།

ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ཀྱི་ས་ཁོངས་བརྒལ་བའི་མཐུན་སྦྱོར་ཐད། འབྲི་ཆུའི་ཟུར་གསུམ་ཁུལ་ཚན་རྩལ་གསར་གཏོད་ཀྱིས་འགག་སྒྲོལ་འཆར་གཞི་དང་ཟུང་འབྲེལ་བྱས་ནས་མགྱོགས་མྱུར་སྐུལ་འདེད་བཏང་སྟེ། ཁག་ཐེངས་གསུམ་ལ་མཉམ་འབྲེལ་འགག་སྒྲོལ་རྣམ་གྲངས་ཁག་72ལག་ལེན་བསྟར་བ་དང་། འབྲི་ཆུའི་ཟུར་གསུམ་ཁུལ་ཚན་རྩལ་ཐོན་ཁུངས་མཉམ་སྤྱོད་ཞབས་ཞུའི་ལས་སྟེགས་ཀྱིས་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་བྱས་ནས་ཚན་ཞིབ་ཀྱི་སྒྲིག་བཀོད་གལ་ཆེན་28དང་། ཚན་རིག་གི་བརྟག་དཔྱད་ཡོ་བྱད་ཆེ་གྲས་ཁྲི་4.9བསྡུ་རུབ་བྱས་ཡོད། འབྲི་ཆུའི་ཟུར་གསུམ་ཁུལ་རྒྱལ་ཁབ་ལག་རྩལ་གསར་གཏོད་ལྟེ་གནས་ཀྱིས་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ཁེ་ལས་578ལྷག་ཙམ་དང་མཉམ་འབྲེལ་གསར་གཏོད་ལྟེ་གནས་བསྐྲུན་ཏེ། ཐོན་ལས་ཅན་གྱི་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ཁག་142མ་འཇོག་དང་སྐྱེད་སྲིང་བྱས་ཡོད། 

སྤྱི་པའི་ཞབས་ཞུ་དང་སྟབས་བདེ་མཉམ་སྤྱོད་བྱེད་པའི་ཐད། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་སྤྱི་ཚོགས་འགན་སྲུང་གཱ་ཡི“གཱ་གཅིག་ཀུན་འཐུས”ཀྱི་རྣམ་གྲངས་དེ་རྣམ་གྲངས་ཁག་78བར་རྒྱ་སྐྱེད་བཏང་བ་དང་། སྲིད་དོན་ཞབས་ཞུ་ཁག་200ལྷག་ཙམ་ཞིང་ཆེན་བསྒྲལ་ནས“དྲ་གཅིག་ཀུན་སྒྲུབ”ཐུབ་པ། གློག་རྡུལ་ལག་འཁྱེར་རིགས་40མཉམ་སྤྱོད་དང་ཕན་ཚུན་ཁས་ལེན་ཐུབ་པ། རིམ་པ་གཉིས་པ་ཡན་གྱི་གཞུང་བཙུགས་སྨན་ཁང་1000ལྷག་ཙམ་དུ་བརྟག་དཔྱད་དང་ཞིབ་བཤེར་བྱེད་འབྲས་ཞིང་ཆེན་བསྒྲལ་ནས་ལྟ་འཐེན་བདེ་བླག་ཐུབ་པ། ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་སྒོ་བསྟེན་སྨན་ཁང་གི་སྨན་རིན་ཐད་ཀར་མཇུག་རྩིས་རྒྱག་མཁན་མི་ཐེངས་ཁྲི་5000ལྷག་ཙམ་ཟིན་ཡོད།

དངུལ་རྩའི་ཁྱབ་ཁོངས་སུ་མཐུན་སྦྱོར་སྒྱུར་བཅོས་དང་གསར་གཏོད་བྱེད་པའི་ཐད། ཧྲང་ཧའེ་དང་ནན་ཅིང་སོགས་གྲོང་ཁྱེར་ལྔའི་ཚན་རྩལ་གསར་གཏོད་ཀྱི་དངུལ་རྩའི་སྒྱུར་བཅོས་ཚོད་ལྟར་སྡེབ་གཅིག་ཏུ་སྐུལ་འདེད་བཏང་བས་ཧྲང་ཧའེ་ཁོངས་གཏོགས་ཀྱི་དངུལ་ཁང་གིས་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ཡན་ལག་དངུལ་ཁང་དང་མཉམ་དུ་ཞིང་ཆེན་གསུམ་གྱི་ཁེ་ལས་ལ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་580ལྷག་ཙམ་བཏང་བ་དང་། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ལེགས་ཆའི་ཐོན་ལས་ཀྱི་ཐེབས་རྩ་དང་མཉམ་དུ་ས་ཁོངས་ལ་རྒྱལ་ཁབ་རིམ་པའི་ཆེད་ཞིབ་ཁྱད་གསར་བཞིའི“གྱད་མི་ཆུང་བའི”ཁེ་ལས་300ལྷག་ཙམ་སྐྱེད་སྲིང་བྱས་ཡོད།

(རིག་རྡོར་གྱིས་བསྒྱུར། བསྟན་བཟང་དང་རིག་རྡོར་གྱིས་ཞུས)