གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་12ཉིན། 10:46】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་10ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧན་གོའི་ཙུང་ཐུང་ལི་ཙའེ་མིང་དང་ཞལ་པར་ནས་བཀའ་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་ལི་ཙའེ་མིང་ཙུང་ཐུང་ལ་བདམས་པར་བསྐྱར་དུ་རྟེན་འབྲེལ་ཞུས་ཤིང་། ཞི་ཅིན་ཕིང་གིས་ཀྲུང་ཧན་ནི་ཁ་འབྲལ་ཐབས་མེད་པའི་ཁྱིམ་མཚེས་ཤིག་རེད། ཕྱི་འབྲེལ་བཙུགས་ནས་ལོ་33སོང་རིང་། རྒྱལ་ཁབ་གཉིས་ཀྱིས་འདུ་ཤེས་འཛིན་སྟངས་དང་སྤྱི་ཚོགས་ལམ་ལུགས་ཀྱི་ཁྱད་པར་ལས་བརྒལ་ནས་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་བས་ཕན་ཚུན་གཉིས་པོར་གྲུབ་འབྲས་ཐོབ་པ་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད། སྐྱོན་བྲལ་བརྟན་ལྷིང་དང་རྒྱུན་མཐུད་གཏིང་ཟབ་ཏུ་འགྲོ་བའི་ཀྲུང་ཧན་གྱི་འབྲེལ་བ་དེ་ནི་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་མཐུན་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་མ་ཟད། ས་ཁུལ་དང་ཐ་ན་འཛམ་གླིང་ཞི་བདེ་བརྟན་ལྷིང་དང་གོང་འཕེལ་དར་རྒྱས་ཡོང་བར་ཡང་ཕན་ཐོགས་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཧན་གྱིས་ཕྱི་འབྲེལ་འཛུགས་པའི་ཐོག་མའི་བསམ་འདུན་བརྟན་སྲུང་དང་། ཁྱིམ་མཚེས་མཛའ་མཐུན་གྱི་ཁ་ཕྱོགས་བརྟན་དུ་གཏོང་བ། གཉིས་ཁེ་གཉིས་ཕན་གྱི་དམིགས་ཚད་མཐའ་འཁྱོངས་བཅས་བྱས་ཏེ། ཀྲུང་ཧན་གྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་ཐོབ་ཆེད་དང་འགྱུར་ལྡོག་ཟང་ཟིང་མཉམ་འདྲེས་ཀྱི་ས་ཁུལ་དང་རྒྱལ་སྤྱིའི་དུས་བབ་ལ་བརྟན་པོའི་རང་བཞིན་དེ་བས་མང་བ་སྣོན་དགོས། རིམ་པ་ཁག་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་དགོས། ཕྱོགས་གཉིས་ཀྱི་མཉམ་ལས་དང་ཕྱོགས་མང་མཐུན་སྦྱོར་ཟབ་ཏུ་གཏོང་བ་དང་ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན་མཉམ་དུ་སྲུང་སྐྱོང་བྱས་ཏེ། གོ་ལ་ཧྲིལ་པོ་དང་ས་ཁུལ་གྱི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་ཤར་བགྲོད་བརྟན་པོ་ཐུབ་པའི་འགན་ལེན་བྱེད་དགོས། མི་ཆོས་རིག་གནས་སྤེལ་རེས་ཇེ་ཟབ་ཏུ་གཏོང་བ་དང་། ཕན་ཚུན་བསམ་ཤེས་བྱེད་ཟབ་ཏུ་གཏོང་བ། དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཏེ། ཀྲུང་ཧན་མཛའ་གྲོགས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སེམས་དབུས་སུ་ཟུག་པར་བྱེད་དགོས། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བརྩི་འཇོག་དང་ཕྱོགས་གཉིས་ཀྱི་འབྲེལ་བའི་ཁ་ཕྱོགས་ཆེན་པོ་སྟངས་འཛིན་བྱས་ཏེ། ཀྲུང་ཧན་འབྲེལ་བ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ལམ་བུ་བརྒྱུད་མདུན་ཕྱོགས་སུ་འཕེལ་རྒྱས་གཏོང་དགོས།
ལི་ཙའེ་མིང་གིས་དེའི་ཐད་མོས་མཐུན་གནང་ཞིང་ཧན་ཀྲུང་ས་ཁམས་འདྲ་ལ་འགྲོ་འོང་གི་ལོ་རྒྱུས་ཡུན་རིང་ལྡན་པ་མ་ཟད། དཔལ་འབྱོར་ཚོང་དོན་དང་རིག་གནས་ཀྱི་འབྲེལ་བའང་ཟབ་མོ་ལྡན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ་དེར་སྐྱེ་བོ་ཀུན་གྱིས་ཡིད་སྨོན་བྱེད་ཀྱི་ཡོད། ངས་ཧན་ཀྲུང་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་པོའི་ཁྱིམ་མཚེས་མཛའ་གྲོགས་འབྲེལ་བ་འཕེལ་རྒྱས་ཇེ་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་བརྩེ་སེམས་ཟབ་ཏུ་བཏང་ནས་ཧན་ཀྲུང་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་པ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
(པ་སངས་ཀྱིས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)