གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་09ཉིན། 09:37】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། བྱང་ཕྱོགས་ས་ཁུལ་གྱི་དགུན་དུས་ནུས་རྒྱུ་གཙང་མའི་དྲོད་ལེན་དང་། བཟོ་ལས་ཁེ་ལས་བཅོས་སྐྱོང་གཏིང་ཟབ། སྒུལ་སྐྱོད་ཀྱི་སྦགས་བཙོག་འབྱུང་ཁུངས་ལ་དོ་དམ་སོགས་ཀྱི་རྣམ་གྲངས་ལག་ལེན་བསྟར་ནས་འབར་རླངས་ཁྲོ་ཐབ་ཏན་ཉུང་སྒྱུར་བཀོད་རླངས་ཏུན་218དང་། རྡོ་སོལ་སིལ་ཐོར་དུད་ཚང་ཁྲི་7.86བཅོས་སྒྲིག རླངས་འཁོར་གོག་རྙིང་ཁྲི་1.6ལྷག་སྤྱོད་མཚམས་འཇོག་པ་བཅས་བྱས་པ་དང་། རྨ་ཆུའི་གཞུང་ཆུ་དང་། འབྲི་ཆུ། རྫ་ཆུ། ཧེ་ཧོ་གཙང་པོ་བཅས་འབབ་རྒྱུད་ཀྱི་ཆུ་སྤུས་རིགས་Ⅱདང་དེའི་ཡན་དུ་བསླེབས་པ། ས་རྒྱུའི་སྦགས་བཙོག་འབྱུང་ཁུངས་དོ་དམ་ཚོད་འཛིན་གྱི་གཙོ་ཆེའི་ལས་གྲྭར་བརྒྱུད་རིམ་ལྡན་པར་སྐུལ་འདེད་བཏང་ནས་སྔོན་ཐོབ་ལྟ་འདོམས་ས་ཆའི་གསལ་ཐོ་བཟོས་པ་མ་ཟད་ད་དུང་དོ་དམ་བྱེད་ཐབས་དོན་འཁྱོལ་བྱས་པ་སོགས། ཟླ་5ཚེས་28ཉིན། 《2024ལོའི་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་སྐོར་གྱི་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་པའི་ནང་། མཚོ་སྔོན་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་པས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བརྟན་པོའི་ངང་ལེགས་སུ་ཕྱིན་ཏེ། སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ཐུབ་པ་མངོན་ཡོད་པ་རེད།
གནམ་སྔོན་སྲུང་འཐབ་ཡག་པོ་བརྒྱབ་ཅིང་། 《མཚོ་སྔོན་ཞིང་ཆེན་གྱི་མཁའ་རླུང་སྤུས་ཚད་རྒྱུན་མཐུད་ལེགས་སུ་གཏོང་བའི་བྱ་སྤྱོད་འཆར་གཞི་ལག་བསྟར་ཇུས་གཞི》བཟོས་པ་དང་། 《མཚོ་སྔོན་ཞིང་ཆེན་གྱི་སྦགས་བཙོག་ཆེ་བའི་གནམ་གཤིས་ཀྱི་འཕྲལ་སྡོམ་སྔོན་ཇུས(2024ལོ)》ལ་བཟོ་བཅོས་བརྒྱབ་ཏེ་སྦགས་བཙོག་ཆེ་བའི་གནམ་གཤིས་ལ་ཁ་གཏད་གཅོག་པའི་ལམ་སྲོལ་ལེགས་སུ་བཏང་ཐོག་མཁའ་རླུང་སྤུས་ཚད་ལྟ་ཞིབ་ཚད་ལེན་གྲངས་གཞིའི་འགྱུར་ལྡོག་ལ་དོ་སྣང་དམ་ཟབ་བྱས་ནས་གནད་སྨིན་བཙོག་བཅོས་དང་འབེན་གཏད་བཙོག་བཅོས་བྱས་ཏེ། བྱེ་རླུང་འཚུབ་པའི་གནམ་གཤིས་སོགས་རང་བྱུང་ཆ་རྐྱེན་གྱི་ཤུགས་རྐྱེན་འོག་གི་སྦགས་བཙོག་ལ་དོ་དམ་ཚོད་འཛིན་བྱེད་ཐབས་ཧུར་ཐག་བཟོས་པ་རེད། ཆུ་དྭངས་སྲུང་འཐབ་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཞིང་། གཙོ་གནད་འབབ་རྒྱུད་ཁག་གི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འཆར་འགོད་དང་། རྨ་ཆུའི་སྐྱེ་ཁམས་སྲུང་སྐྱོང་བཅོས་སྒྲིག འབྲི་ཆུ་སྲུང་སྐྱོང་ཉམས་གསོའི་འགག་སྒྲོལ་དམག་འཐབ་ཀྱི་བྱ་སྤྱོད་འཆར་གཞིའི་དུས་དཀྱིལ་དཔྱད་དཔོག་བཅས་བྱས་ཐོག་གཙོ་གནད་བཟོ་ལས་གླིང་གི་ཆུའི་སྦགས་བཙོག་གནད་དོན་གྱི་ཞིབ་བཤེར་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་དང་། གླིང་ཁུལ་གྱི་བཙོག་ཆུ་བསྡུ་རུབ་གཙང་གསིང་ནུས་པ་སྔར་བས་ཆེ་རུ་གཏོང་བ། གྲོང་ཁྱེར་དང་རྫོང་གྲོང་དུ་འཛུགས་སྐྲུན་ཁུལ་གྱི་བཙོག་ཆུ་དྲི་ངན་ཅན་ཞིབ་བཤེར་བཅོས་སྒྲིག་ལས་དོན་སྤེལ་བ། ཞིང་ཆེན་དེ་ཡོངས་ཀྱི་གཙོ་གནད་འབབ་རྒྱུད་ཀྱི་གཙང་པོ(མཚེའུ)བཙོག་འབུད་མདོ་ཁར་གྲལ་བཤེར་ཁུངས་འདེད་དང་ལོ་འཁོར་གྱི་བཅོས་སྒྲིག་ལས་འགན་ལེགས་སྒྲུབ། ཞིང་ཆེན་ཡོངས་ཀྱི་ས་ཁུལ་རིམ་པ་དང་། རྫོང་རིམ་པ། གྲོང་གསེབ་བཅས་ཀྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུ་སྤུས་ཆེད་དོན་བརྟག་ཞིབ་ལས་དོན་ལེགས་སྒྲུབ་བཅས་བྱས་ཏེ། ཤང་དང་གྲོང་རྡལ་དང་དེ་བཞིན་དེའི་མན་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་ཁུལ་དབྱེ་འབྱེད་དང་ཚད་གཞི་འཛུགས་པའི་ལས་དོན་ལ་སྐུལ་འདེད་བཏང་བ་རེད། ས་གཙང་སྲུང་འཐབ་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཞིང་། ཞིང་སྤྱོད་ས་ཆའི་ས་རྒྱུའི་སྦགས་བཙོག་ཁུངས་འདེད་བཅོས་སྒྲིག་དང་། ལོ་འཁོར་གྱི་སྦགས་བཙོག་ཐེབས་པའི་རྨོ་ཞིང་བདེ་འཇགས་ངང་སྤྱོད་པའི་ལས་དོན་འཆར་གཞི་བཀྲམ་པ། སྣ་ག་ཚབ་བྱེད་དང་ཆུ་ལུད་སྙོམས་སྒྲིག་སོགས་བྱེད་ཐབས་སྤྱད་དེ་སྦགས་བཙོག་ཐེབས་པའི་རྨོ་ཞིང་བདེ་འཇགས་ངང་སྤྱོད་ཐུབ་རྒྱུར་སྐུལ་འདེད་བཏང་བ་རེད། གཙོ་གནད་ལྟ་འདོམས་ཚན་པས་མངོན་མེད་རྐྱེན་ངན་ཞིབ་བཤེར་བཅོས་སྒྲིག་གི“ཕྱིར་མིག་ལྟ་བ”དང་མཐའ་འཁོར་ལྟ་ཞིབ་ཚད་ལེན་དང་། ས་འོག་ཆུའི་སྦགས་བཙོག་འགོག་བཅོས་ཀྱི་གཙོ་གནད་ཁུལ་དབྱེ་འབྱེད་བྱས་ཏེ་ས་འོག་ཆུའི་རིགས་དབྱེ་ཁུལ་དབྱེ་དོ་དམ་ཚོད་འཛིན་ལས་དོན་ལ་སྐུལ་འདེད་བཏང་བ་དང་སྦྲགས། རྫས་འགྱུར་བཟོ་ལས་གླིང་དང་ཉེན་ཡོད་སྙིགས་རོ་སྦས་སར་དམིགས་ཏེ་ས་འོག་ཆུའི་སྦགས་བཙོག་གནས་ཚུལ་ལ་བརྟག་ཞིབ་དང་། དོ་དམ་ཚོད་འཛིན། ཉམས་གསོ་བཅས་བྱས་པ་རེད།