གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་09ཉིན། 09:35】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་དྲ་བ་ལྷ་ས་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་ཁྱིམ་ཚང་གི་སྒོ་བྱང་ཕྱེ་བའི་མཛད་སྒོ་ལྷ་སར་འཚོགས་ཤིང་། རྣམ་གྲངས་དེ་བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་བོད་ཀྱི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བཙུགས་པའི་རང་བརྟེན་རོགས་རེས་ས་ཚིགས་ཤིག་རེད། དེས་དབང་པོ་སྐྱོན་ཅན་གྱི་ཚོགས་སྤྱིར་ཕྱོགས་ནས་བདེ་ཐང་སླར་གསོའི་སྦྱོང་བརྡར་དང་། སློབ་གསོ་གསོ་སྦྱོང་། ལས་ཞུགས་རོགས་སྐྱོར། ཁེ་དབང་སྲུང་སྐྱོང་། གེགས་མེད་ཁོར་ཡུག་སྒྱུར་བཀོད་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཏེ། ལྗོངས་ཡོངས་ཀྱི་དབང་པོ་སྐྱོན་ཅན་ཚོགས་སྤྱི་དག་སྤྱི་ཚོགས་ནང་མཉམ་འདྲེས་ཐུབ་པར་རོགས་རམ་བྱས་ནས་རང་ཉིད་ཀྱི་རིན་ཐང་མངོན་འགྱུར་ཐུབ་པ་བྱ་རྒྱུ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་དབང་པོ་སྐྱོན་ཅན་ཁྱིམ་ཚང་གིས་ཐང་ག་འབྲི་བ་དང་། ལག་ཤེས་ཐོན་རྫས་བཟོ་བ་དང་ཚོང་བ་བརྒྱུད་དབང་པོ་སྐྱོན་ཅན་གྱི་ཁེ་དབང་འགན་ལེན་བྱ་རྒྱུ་རེད། གཞན་ཡང་དབང་པོ་སྐྱོན་ཅན་ཁྱིམ་ཚང་ནང་གེགས་མེད་ཐབ་ཚང་དང་གསང་སྤྱོད་བཀོད་སྒྲིག་བྱས་པ་མ་ཟད། ད་དུང་ཁོང་ཚོར་བདེ་ཐང་སླར་གསོའི་དྲག་སྐྱེད་སྦྱོང་བརྡར་ཡང་བྱས་པ་རེད།
“ཐོག་མའི་ལས་གཏོད་མ་དངུལ་སྒོར་ཁྲི་15ནས་ད་ཆ་རིམ་རྩིས་བརྒྱབ་ན་བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་ལྷ་ས་གྲོང་ཁྱེར་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཆེད་དོན་རོགས་སྐྱོར་སྒོར་ཁྲི་80ལྷག་ཙམ་བཏང་ཡོད། དེས་མ་ཚད་སྤྱི་ཚོགས་ལས་རིགས་ཁག་གི་ཁོང་ཡངས་དང་རྒྱབ་སྐྱོར་ལས་ང་ཚོར་ཕུགས་བསམ་དོན་གཉེར་བྱེད་པའི་གོ་སྐབས་ཐོབ་བྱུང”ཞེས་བོད་ལྗོངས་དབང་པོ་སྐྱོན་ཅན་ཁྱིམ་ཚང་གི་འགན་འཁུར་བ་ཇོ་ལེགས་ཀྱིས་བརྗོད།