གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་09ཉིན། 09:34】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་། དུས་ཡུན་ཉིན་5ཡི་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ཉི་ཤུ་པ(ནུབ་རྒྱུད་འགྲེམས་ཚོགས་ཞེས་བསྡུ་རྒྱུ)སི་ཁྲོན་ཁྲེང་ཏུའུ་རུ་མཇུག་འགྲིལ་ཞིང་། བོད་ཀྱི་ཁེ་ལས་35འགྲེམས་ཚོགས་ལ་ཞུགས་པ་དང་། བོད་ལྗོངས་འགྲེམས་ཁང་གི་ས་ཁོངས་ཀྱི་ཡུལ་སྲོལ་གོམས་གཤིས་དང་ཐུན་མོང་མ་ཡིན་པའི་རིག་གནས་ཡུལ་སྐོར་གྱི་ཡིད་དབང་འཕྲོག་ཤུགས་དེ་སྐབས་འདིའི་ནུབ་རྒྱུད་འགྲེམས་ཚོགས་ཀྱི་བཀྲག་མདངས་འཚེར་སར་གྱུར་ནས་ས་གནས་ས་ཐོག་ཏུ་མི་ཚོགས་ཀྱིས་ཁེངས་པ་དང་ཐོན་རྫས་བྲིན་ཚོང་དང་རིག་གནས་ཡུལ་སྐོར་ཁྱབ་གདལ་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད།
སྤོས་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་ལག་བཟོའི་ཐོན་རྫས་ཤིག་ཡིན་པས་རྒྱ་ཆེའི་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཅིང་། བོད་ལྗོངས་གཞོང་པ་ལྷ་ཆུ་བདེ་ཐང་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་གཉེར་སྐྱོང་སྤྱི་ཁྱབ་ལྟ་ཞིབ་པ་ནོར་བུ་རིན་ཆེན་གྱིས། “ད་ཐེངས་ཀྱི་ནུབ་རྒྱུད་འགྲེམས་ཚོགས་ཐོག་ང་ཚོས་སྤོས་སྣ་ཁ་18ཙམ་ཁྱེར་ཡོད། བྲིན་ཁ་རྒྱུག་པོ་འདུག འཛད་སྤྱོད་པ་མི་ཉུང་བ་ཞིག་གིས་ད་དུང་ཁ་པར་ཨང་གྲངས་སོགས་བཞག་ནས་མངགས་བྱུང”ཞེས་ངོ་སྤྲོད་བྱས།
ཤེས་རྟོགས་བྱུང་བར་གཞིགས་ན། ནུབ་རྒྱུད་འགྲེམས་ཚོགས་རིང་། བོད་ཀྱི་འགྲེམས་ཁང་གིས་རིམ་རྩིས་བརྒྱབ་ན་ཚོང་པ་དང་ལྟད་མོ་བ་མི་ཐེངས་ཁྲི་1.3ཙམ་ལ་སྣེ་ལེན་ཞུས་པ་མ་ཟད་ཁེ་ལས་ཁག་གཅིག་དང་མངགས་ཉོའི་གན་རྒྱ་བཞག་ཡོད། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དང་ཡུན་ཐུང་ཁྲེང་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སིའི་དབར་འདམ་གཞུང་རྫོང་རྟ་རྒྱུག་ར་བའི་རིག་གནས་དང་ཡུལ་སྐོར་ཕྱོགས་བསྡུས་ཅན་འཛུགས་སྐྲུན་རྣམ་གྲངས་ཀྱི་མཉམ་ལས་གྲོས་མཐུན་བཞག་པ་དང་རྣམ་གྲངས་ཀྱི་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་4ཟིན་ཡོད།