འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་9ཉིན།

༄༅།།ས་གནས་ཁག་གིས་སློབ་སྦྱོང་སློབ་གསོའི་ལས་དོན་ཏན་ཏིག་སྤེལ་བ།

“ཏན་ཏིག”ཐད་ཤུགས་སྣོན་ཡག་པོ་བརྒྱབ་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་09ཉིན། 09:22】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

མིག་སྔར། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏང་ཡོངས་སུ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། རིམ་ཁག་ཏང་རྩ་འཛུགས་ཀྱིས་བརྗོད་དོན་གཙོ་བོར་དམིགས་པ་དང་གནད་སྨིན་ཤུགས་འདོན་བྱས་ནས་སྦྱོང་བཤེར་བཅོས་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། “ཏན་ཏིག”ཐད་ཤུགས་སྣོན་རྒྱག་པ། སློབ་སྦྱོང་སྤུས་ཚད་ལྡན་པ་དང་། བཤེར་འདོན་ཤུགས་ཚད་ཆེ་བ། བཅོས་སྒྲིག་ཕན་འབྲས་ཐོན་པ་བཅས་འགན་ལེན་གྱིས་སློབ་སྦྱོང་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྤེལ་བར་སྐུལ་འདེད་བཏང་ཡོད།

རིམ་པ་དང་རིགས་དབྱེ་ནས་སློབ་སྦྱོང་གི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་བཏང་བ།

“ཁྲོམ་གཞུང་སྡེ་ཁུལ་ཞིག་གི་རིག་གནས་བྱེད་སྒོ་ལྟེ་གནས་ཀྱི་དེ་སྔའི་ཀྲུའུ་རེན་གྱིས་སྒྲིག་ཁྲིམས་ལས་འགལ་ནས་བྱ་དགའི་དངུལ་དང་། ཁ་གསབ། དེ་བཞིན་ལས་འཕར་གླ་ཆ་བཅས་སྤྲད་པར་ཏང་ནང་ཐ་ཚིག་དྲག་པོ་སྒྲོག་པའི་ཆད་པ་བཅད་པ་སོགས་ཚང་མས་བསླབ་བྱར་འཛིན་དགོས” ཉེ་ཆར། ཧྲང་ཧའེ་གྲོང་ཁྱེར་པའོ་ཧྲན་ཆུས་མཛའ་གྲོགས་ལམ་ཁྲོམ་གཞུང་དུ་ཆུས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི“གཞོན་ནུའི་གཏམ་བཤད”ཀྱི་འཆད་ཁྲིད་དགེ་རྒན་ཚོགས་པས་སྡེ་ཁུལ་གྱི་ཏང་ཡོན་དང་ལས་བྱེད་པར“སྒོ་འགྲམ་དུ་སློབ་ཁྲིད”བྱས་ཏེ་ཞིབ་བཤེར་ཐག་གཅོད་བྱས་པའི་དཔེ་མཚོན་གྱོད་དཔེ“བསླབ་གཞི་གསོན་པོར”བརྩིས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལ་གསལ་འགྲེལ་བྱས་པ་རེད།

ཏང་སྲིད་ལས་ཁུངས་ཀྱི“འགོ་གཙོ་དང་པོ”དང་། ན་གཞོན་ལས་བྱེད་པ། གསར་དུ་གོ་གནས་སྤར་བའི་ལས་བྱེད་པ། འགག་རྩའི་ལས་གནས་ཀྱི་ལས་བྱེད་པ། གསར་དར་ཁྱབ་ཁོངས་ཀྱི་ཏང་ཡོན་སོགས་ཚོགས་སྤྱི་མི་འདྲ་བའི་ཁྱད་ཆོས་ལ་གཞིགས་ཏེ། པའོ་ཧྲན་ཆུས་ཀྱིས་སློབ་གསོའི་ཇུས་གཞི་གཏན་འཁེལ་བྱས་ཏེ། དཔེ་ཀློག་འཛིན་གྲྭ་དང་། རིགས་གཅིག་མཁས་ཅན་གྱི་འཆད་ཁྲིད། རིགས་པའི་གཞུང་ལུགས་སྒྲོག་འགྲེལ་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། རུལ་རྒོལ་གཙང་སྤེལ་གྱི་སློབ་གསོའི་རྟེན་གཞིར་ལྟ་སྐོར་དང་ཁྲིམས་རའི་འདྲི་ཞིབ་ཟུར་ཉན་སོགས་ཀྱི་ཉེན་བརྡའི་སློབ་གསོའི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་ཏང་ཡོན་དང་ལས་བྱེད་པས་བསམ་བློའི་རྨང་གཞི་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱས་ཡོད།

ལྡེ་མིག་རེས་སྒོ་ལྕགས་རེ་ཕྱེ་ཐུབ་ཅིང་། ཏང་ཡོན་དང་ལས་བྱེད་པའི་ཚོགས་སྤྱི་ཁག་གི་ལས་ཀའི་དོན་དངོས་དང་བསམ་བློ་འཁོར་ཕྱོགས་ལ་གཞིགས་ནས། ས་གནས་ཁག་གིས་རིམ་དབྱེ་རིགས་དབྱེ་དང་མིའི་བབ་དང་བསྟུན་ནས་སློབ་ཁྲིད་བྱས་ཏེ་སློབ་སྦྱོང་སློབ་གསོ་གནད་ལ་སྨིན་ཞིང་ཕན་ནུས་ཐོན་པའི་བརྩོན་ལེན་བྱས་ཡོད།

ན་གཞོན་ལས་བྱེད་པའི་ཚོགས་སྤྱིར་དམིགས་ནས། ནང་སོག་རང་སྐྱོང་ལྗོངས་ཤིན་ཨན་མོང་སྲིད་འཛིན་ཁུལ་གྱིས“ས་ཁུལ་དང་རིམ་པ་དབྱེ་བའི”བསམ་ཕྱོགས་གཞིར་བཟུང་། ན་གཞོན་ལས་བྱེད་པ་དཔེ་ཀློག་འཛིན་གྲྭ་དང་། གཅིག་སྡུད་གསོ་སྦྱོང་། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ། ཧྲུའུ་ཅིའི་ཆེད་དོན་ཏང་གི་སློབ་ཚན་སོགས་ནང་ཞུགས་པའི་སྒྲིག་འཛུགས་བྱས་པ་དང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས་གཞོན་ནུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ཚོགས་ཆུང་དང་གཞོན་ནུའི་སློབ་སྦྱོང་མནའ་འབྲེལ་སོགས་ལ་བརྟེན་ནས་གཅིག་སྡུད་སློབ་སྦྱོང་བྱེད་སྒོ་སྤེལ་བར་དཔེ་སྟོན་སྐུལ་ཁྲིད་བྱས་ཏེ་ན་གཞོན་ལས་བྱེད་པའི་སློབ་སྦྱོང་དང་བགྲོ་གླེང་ཡོངས་ཁྱབ་ཐུབ་པར་བྱས་ཡོད།

བཤེར་འདོན་དང་བཅོས་སྒྲིག་ཏན་ཏིག་བྱས་ནས་གནད་དོན་ཐོན་ས་གནད་སྨིན་བཙལ་བ།

“ཁྱེད་ཚོའི་ཕོགས་སྣོན་ཁ་གསབ་སྤྲད་པའི་རྩིས་ཐོ་སྟོན་རོགས” ཉིན་ཤས་གོང་། ཅང་ཤིས་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་དབན་ལི་དོ་དམ་ཅུས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ཨུ་ལྷན་གྱི་སྤྱོད་ཚུལ་ལྟ་བཤེར་ཚོགས་ཆུང་གིས་མེ་ལིན་གྲོང་རྡལ་དུ་ཕོགས་སྣོན་ཁ་གསབ་སྤྲད་པའི་ཟིན་ཐོ་ས་ཡུལ་དངོས་ལ་ལྟ་ཞིབ་བྱེད་པར་བསྐྱོད་པ་རེད།

ཡིག་ཆ་དང་། ཚོགས་འདུ། བྱེད་སྒོ་བཅས་དང་། གཞུང་ལས་ཐད་སྤྱོད་པའི་ཁང་པ་དང་གཞུང་འཁོར། གྲོན་དངུལ་བེད་སྤྱོད་སོགས་ཕྱོགས་བདུན་ལ་དམིཌ་ནས། དབན་ལི་དོ་དམ་ཅུས་ཀྱིས་ལས་ཁུངས་བྱ་གཞག་ཚན་པ་དང་། དེ་བཞིན་ཤང་དང་གྲོང་རྡལ་ཁྲོམ་གཞུང་བཅས་སྒྲིག་འཛུགས་ཀྱིས“སྤྱོད་ཚུལ་བརྟག་དཔྱད”བྱས་པ་དང་། སྒྲིག་བཤེར་ལྟ་ཞིབ་དང་། སྐོར་གཟིགས་སྐོར་ཞིབ། རྩིས་བཤེར་ལྟ་སྐུལ། བརྟག་དཔྱད་ཞིབ་འཇུག་སོགས་ཀྱི་ཐབས་ལམ་ཕྱོགས་བསྡུས་ཐོག་སྤྱད་དེ་གནད་དོན་བཤེར་འདོན་བྱས་པ་རེད།

སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་ཚུན། ས་གནས་ཁག་གིས་གནད་དོན་གང་ཞིག་ཡོད་པ་དེ་ཐག་གཅོད་དང་གནད་དོན་གང་ཞིག་མངོན་གསལ་དོད་པ་དེ་གཙོ་གནད་ཐོག་བཅོས་སྒྲིག་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། འཕྲལ་བཤེར་འཕྲལ་བཅོས་དང་། ཤེས་འཕྲལ་ལེགས་བཅོས། དངོས་བཤེར་དངོས་བཅོས་བཅས་བྱས་པ་རེད།

ཧྲན་ཤིས་ཞིང་ཆེན་ཧྲུའོ་ཀྲོའུ་གྲོང་ཁྱེར་གྱིས“བརྟག་ཞིབ་གསོ་སྦྱོང་སོགས་ཀྱི་མིང་ཐོག་ནས་གཞུང་དངུལ་སྤྱད་དེ་ཡུལ་སྐོར་བྱེད་པའི་གནད་དོན་བཅོས་སྒྲིག་བྱེད་པ”དེ་གྲོང་ཁྱེར་རིམ་པའི་གཅིག་སྡུད་བཅོས་སྒྲིག་རྣམ་གྲངས་སུ་བརྩིས་ནས། བཅོས་སྒྲིག་བྱེད་ཐབས་ཞིབ་ཕྲ་བཟོས་པ་དང་དུས་མཚུངས་རིམ་ཁག་ཏང་ཨུད(ཏང་ཙུའུ)ལ་གཞུང་འཁོར་དོ་དམ་དང་གཞུང་དོན་སྣེ་ལེན་སོགས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བར་ལྕག་སྐུལ་བྱས་ཏེ། སྤྱོད་ཚུལ་གྱི་བླང་བྱ་ནན་པོ་བྱེད་ཐབས་ཏན་ཏིག་ལ་བསྒྱུར་བར་བྱས་ཡོད།

མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱིས་རང་རྟོགས་དང་རང་འགུལ་ངང་སྒོ་ཕྱེ་ནས་སློབ་གསོ་སྤེལ་ཞིང་། གྲོང་ཨུད་ཀྱི་སློབ་སྦྱོང་སློབ་གསོའི་ལས་དོན་ཆེད་སྒྲུབ་ཚན་ཁག་གིས་སྤྱི་ཡོངས་ནས་སྤྱི་འདོམས་བྱེད་པ་དང་ཏང་ཡོན་70སྤྱི་ཚོགས་ཀྱི་ལྟ་སྐུལ་པར་གདན་དྲངས་ནས་སྲིད་ཇུས་དྲིལ་བསྒྲགས་དང་། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) སྤྱོད་ཚུལ་ལྟ་ཞིབ། དམངས་འདོད་བརྟག་དཔྱད། གནས་ཚུལ་ཚུར་ལན་སོགས་ཀྱི་འགན་འཁྲི་འཁུར་བ་དང་། ཆ་འཕྲིན་འཚོལ་བསྡུའི་གྲངས་གཞིའི་མཛོད་བཙུགས་ཏེ་སྤྱི་ཚོགས་ཀྱི་ལྟ་སྐུལ་པས་བཏོན་པའི་བསམ་འཆར་དང་གྲོས་འགོ་ཕྱོགས་བསྡུས་བྱས་ནས། ཆ་འཕྲིན་ཕྱོགས་ཡོངས་དང་། ཚུར་ལན་དུས་ཐོག ལྟ་སྐུལ་ནུས་ལྡན། དོན་འཁྱོལ་ཡག་པོ་བཅས་ཡོང་བའི་འགན་ལེན་བྱས་ཡོད།

འགན་འཁྲི་འཁུར་བ་དང་བྱས་རྗེས་བཞག་ནས་དམངས་འཚོའི་དོན་དངོས་ཡག་པོ་བསྒྲུབས་པ།

ཉིན་ཤས་གོང་། ཁྲུང་ཆིང་གྲོང་ཁྱེར་ཀྲུང་རྫོང་ཐུའུ་ཅིང་ཤང་མཛའ་གྲོགས་གྲོང་ཚོ་དང་ཝུའུ་ཧྲེ་གྲོང་ཚོའི་སྒོ་རའི་ནང་འཁྲུག་ཆ་དོད་པའི་ཚོགས་འདུ་ཞིག་འཚོགས་པ་རེད། གྲོང་མི་ཚོའི་ངོ་གདོང་ལས་འཛུམ་མདངས་མངོན་བཞིན་ལག་ཏུ“དེབ་དམར་ཆེན་པོ”གསར་རྐྱང་ཞིག་འཁྱེར་ནས“ལོ་མང་རེ་སྒུག་བྱས་པའི་ས་ཁང་བདག་ཁོངས་ལག་ཁྱེར་གཞི་ནས་རག་བྱུང”ཞེས་བཤད།

སྡོད་ཁང་གི་གནད་དོན་ནི་དམངས་འཚོའི་གནད་དོན་གལ་ཆེན་ཞིག་ཡིན། ས་ཆ་སྤྱོད་པའི་འགྲོ་ལུགས་འཐུས་སྒོ་ཚང་མིན་དང་། ཁང་པ་དང་ས་ཆའི་ཆ་འཕྲིན་གཅིག་མཐུན་ཡིན་མིན་སོགས་ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་ལ་དམིགས་ཏེ། ཁྲུང་ཆིང་གྲོང་ཁྱེར་ཀྲུང་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དང་། རང་བྱུང་ཐོན་ཁུངས། ཤང་དང་གྲོང་རྡལ་ཁྲོམ་གཞུང་སོགས་སྡེ་ཚན་དང་ཚན་པ་མང་པོས་མཉམ་འགུལ་མཉམ་ལས་བྱས་ནས་མང་ཚོགས་ཀྱི་བསམ་འཆར་ཆེན་པོ་ཡོད་པའི་གཏན་འཇགས་རྒྱུ་ནོར“ཐོ་འགོད་དཀའ་བའི”གནད་དོན་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ། ཁང་པའི་བདག་དབང་གཏན་འཁེལ་དང་ཐོ་འགོད་བྱེད་པའི་ལས་དོན་ལ་བརྟན་ཞིང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད།

སློབ་སྦྱོང་སློབ་གསོ་སྤེལ་ཚུན། ས་གནས་ཁག་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་གཙོ་གནད་བཅོས་སྒྲིག་མངོན་གསལ་དོད་དུ་བཏང་སྟེ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པའི་ཕན་འབྲས་དངོས་ལ་བརྩིས་ཡོད།

ཧོ་པེ་ཞིང་ཆེན་ཧྲེ་ཅ་ཀྲོང་གྲོང་ཁྱེར་ཆའོ་ཤིས་ཆུས་ཀྱིས་སྒོ་ཕྱེ་ནས་སློབ་གསོ་སྤེལ་རྒྱུ་མཐའ་འཁྱོངས་བྱས་ཏེ་བཞུགས་མོལ་ཚོགས་འདུ་དང་སྙིང་གཏམ་ཤོད་རེས་ཚོགས་འདུ་སོགས་འཚོགས་པ་བརྒྱུད་ལས་བྱེད་པ་དང་མང་ཚོགས་དབར་གྱི་མཉམ་འགུལ་ཟབ་ཏུ་བཏང་བ་དང་། འགོ་ཁྲིད་ལས་བྱེད་པས་འགན་འཁྲི་གཙང་ལེན་གྱིས་འབྲེལ་གཏུགས། གཤམ་སྐྱོད་འདྲི་རྟོགས། ཞུ་བཅར་དང་ལེན་བཅས་ཀྱི་ལམ་སྲོལ་དོན་འཁྱོལ་བྱས་ནས་ཡིག་འབུལ་ཞུ་བཅར་གྱི་ནར་ལུས་གྱོད་གཞི་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་བ། སློབ་གསོ་དང་། སྨན་བཅོས། རྒན་གསོ། བུ་བཅོལ་སོགས་ཐད་ཀྱི་ཞན་ཆ་སེལ་བ་དང་རྨང་གཞི་སྟོབས་ཆེར་གཏོང་རྒྱུར་དམིགས་ཏེ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་སེམས་ནུས་ཡོད་རྒུས་ཐག་གཅོད་ཡག་པོ་བྱས་ཡོད།

སི་ཁྲོན་ཞིང་ཆེན་ཏ་ཀྲོའུ་གྲོང་ཁྱེར་ཤོན་ཧན་རྫོང་ཧྭ་རུང་སྡེ་ཁུལ་ཞབས་ཞུའི་ཚོམས་ཆེན་དུ་སྤྱི་ཚོགས་འགན་སྲུང་གི་དཔང་ཡིག་གཉེར་མ་ཐག་པའི་གྲོང་མི་ཝང་དབྱིང་མེ་ཡིས“དེ་སྔ་སྤྱི་ཚོགས་འགན་སྲུང་གཉེར་བར་ཕར་རྒྱུག་ཚུར་རྒྱུག་མང་པོ་བྱེད་དགོས་ཀྱི་ཡོད། ད་ཆ་སྡེ་ཁུལ་ནས་སྐར་མ་5ཡི་ནང་གཉེར་ཐུབ་པས་དངོས་གནས་སྟབས་བདེ་པོ་འདུག”ཅེས་དགའ་ཚོར་ཆེན་པོས་བཤད།

སི་ཁྲོན་ཞིང་ཆེན་ཏ་ཀྲོའུ་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་འགན་འཁྲི་འཁུར་བ་དང་བྱས་རྗེས་བཞག་ནས་དམངས་ཆེད་བྱ་བ་དངོས་བསྒྲུབས་ཡོད། ཤོན་ཧན་རྫོང་དུ་དམངས་ཕན་ཞབས་ཞུའི་ཁྲོད་ནས་གཉེར་མང་ཤོས་ཀྱི་དོན་དག་ཁག་37སྡེ་ཁུལ་དུ་གཉེར་དབང་སྤྲད་པས་མང་ཚོགས་ཚོས་ཁྱིམ་གྱི་སྒོ་རྩར་དོན་དག་སྒྲུབ་ཐུབ་པར་བྱུང་ཡོད། ཏ་ཁྲོན་ཆུས་སུ་ཕྱོགས་ཁག་གི་ཐོན་ཁུངས་དང་སྟོབས་ཤུགས་མུ་མཐུད་གཤམ་སྤྲོད་བྱས་ཏེ་བདེ་ཐང་སྨན་བཅོས་ནད་བརྟག་དང་སྲིད་དོན་དོན་དག་སྒྲུབ་གཉེར་སོགས་ཀྱི་སྤུས་ལེགས་ཞབས་ཞུ་མང་ཚོགས་ཚོའི་ཁྱིམ་གྱི་སྒོ་རྩ་ནས་སྒྲུབ་ཐུབ། མཐོ་གསར་ཁུལ་དུ་སྡེ་ཚན་མང་པོས་མཉམ་འབྲེལ་ཐོག་བཙུགས་པའི“ཕྱོགས་བསྡུས་ཞིབ་བཤེར་ཐེངས་གཅིག”གི་ཁྲིམས་སྒྱུར་ལམ་སྲོལ་གྱིས་ཁེ་ལས་འཕེལ་རྒྱས་གཏོང་བར་ཁོར་ཡུག་བཟང་པོ་བསྐྲུན་ཡོད།

(ལྷག་པ་ཚེ་རིང་དང་པད་ཆོས་ཀྱི་སྒྱུར་ཞུས་བྱས)