འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་7ཉིན།

༄༅།།ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་དང་ཞལ་པར་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་07ཉིན། 10:41】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་5ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་དང་ཞལ་པར་ནས་བཀའ་མོལ་གནང་བ་རེད།

     ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་གྲུ་གཟིངས་ཆེན་པོའི་ཁ་ཕྱོགས་སྲོང་བར་ང་ཚོས་ཁ་སྒྱུར་ཕྱོགས་སྟོན་ཡག་པོ་བྱེད་དགོས་པ་དང་། ལྷག་པར་དུ་འགལ་རྐྱེན་དང་ཐ་ན་གཏོར་བཤིག་སྣ་ཚོགས་སེལ་རྒྱུ་ནི་གལ་འགངས་ཧ་ཅང་ཆེན་པོ་ཞིག་རེད། ཨ་རི་ཕྱོགས་ཀྱིས་བཏོན་པའི་གྲོས་འགོ་གཞིར་བཟུང་། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་གྱི་སྣེ་ཁྲིད་པས་གྲོང་ཁྱེར་རི་ནེ་ཝ་རུ་གྲོས་མོལ་བྱས་ཏེ། གླེང་མོལ་དང་གྲོས་མོལ་བརྒྱུད་དཔལ་འབྱོར་ཚོང་དོན་གྱི་གནད་དོན་ཐག་གཅོད་བྱེད་པའི་གོམ་སྟབས་གལ་ཆེན་ཞིག་སྤོས་པར། རྒྱལ་ཁབ་གཉིས་པོའི་ལས་རིགས་ཁག་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དགའ་བསུ་རྒྱ་ཁྱབ་ཐོབ་ཡོད་ལ། གླེང་མོལ་དང་མཉམ་ལས་ནི་ཡང་དག་པའི་གདམ་ག་ཉག་གཅིག་ཡིན་པ་ར་འཕྲོད་ཐུབ་ཡོད། ཕྱོགས་གཉིས་པོས་བཙུགས་པའི་དཔལ་འབྱོར་ཚོང་དོན་ཞིབ་གྲོས་ལམ་སྲོལ་ཡག་པོ་སྤྱད་དེ་འདྲ་མཉམ་གྱི་རྣམ་འགྱུར་འཛིན་པ་དང་། རང་རང་སོ་སོའི་དོ་ཁུར་ལ་བརྩི་འཇོག་བྱས་ནས་གཉིས་ཁེའི་གྲུབ་འབྲས་ཐོབ་པའི་བརྩོན་ལེན་བྱེད་དགོས། དེའི་ཐད། ཀྲུང་གོ་ཕྱོགས་ལྷག་བསམ་རྣམ་དག་ཡིན་ལ་རྩ་དོན་ཡང་ཡོད། ཀྲུང་གོ་བས་སྔར་ནས་ད་བར་བཤད་པ་ལག་བསྟར་དང་གང་བྱས་མཐའ་འཁྱོལ་བྱེད་ཀྱི་ཡོད། ཐུན་མོང་གི་ངོས་འཛིན་བྱུང་ཙ་ན་ཕྱོགས་གཉིས་པོས་བརྩི་སྲུང་ཞུ་དགོས། རི་ནེ་ཝའི་གྲོས་མོལ་རྗེས། ཀྲུང་གོ་ཕྱོགས་ཀྱིས་གྲོས་མཐུན་གཟབ་ནན་དང་ལག་བསྟར་བྱས་ཡོད། ཨ་རི་ཕྱོགས་ཀྱིས་འཕེལ་རྒྱས་བྱུང་བར་དངོས་ཐོག་བདེན་འཚོལ་གྱི་ལྟ་སྟངས་བཟུང་སྟེ། ཀྲུང་གོར་སྤྱད་པའི་དགེ་མཚན་མེད་པའི་བྱ་ཐབས་དག་ཕྱིར་འཐེན་བྱེད་དགོས། ཕྱོགས་གཉིས་པོས་ཕྱི་འབྲེལ་དང་། དཔལ་འབྱོར་ཚོང་དོན། དམག་དཔུང་། ཁྲིམས་སྒྱུར་སོགས་ཁྱབ་ཁོངས་ཁག་གི་སྤེལ་རེས་བྱེད་ཟབ་ཏུ་བཏང་ནས་ཐུན་མོང་གི་ངོས་འཛིན་ཟབ་ཏུ་གཏོང་བ་དང་། གོ་ནོར་ཐེབས་ཉུང་དུ་གཏོང་བ། མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས།

     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཨ་རིས་ཐའེ་དབན་གྱི་གནད་དོན་ཐག་གཅོད་གཟབ་ནན་བྱས་ཏེ། “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་རིང་ལུགས་པ་ཉུང་ཤས་ཀྱིས་ཀྲུང་ཨ་རྒྱལ་ཁབ་གཉིས་པོ་གདོང་ཐུག་འགྲན་རྒོལ་གྱི་ཉེན་ཁའི་ཕྱོགས་སུ་ལྷུངས་བར་བཀག་འགོག་བྱེད་དགོས།

     ཐེ་རོན་ཕུའུ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་ལ་བརྩི་བཀུར་ཆེན་པོ་ཞུ་གི་ཡོད། ཨ་རི་དང་ཀྲུང་གོའི་འབྲེལ་བ་ཧ་ཅང་གལ་ཆེན་པོ་རེད། ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་མུ་མཐུད་འཕར་ཤུགས་ཆེ་བ་མཐོང་འདོད་ཡོད། ཨ་རི་དང་ཀྲུང་གོ་མཉམ་ལས་བྱས་ན་བྱ་བཟང་མང་པོ་སྒྲུབ་ཐུབ། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་གྱི་ཡིན། རྒྱལ་ཁབ་གཉིས་པོའི་རི་ནེ་ཝའི་དཔལ་འབྱོར་ཚོང་དོན་གྲོས་མོལ་ལེགས་གྲུབ་བྱུང་ནས་གྲོས་མཐུན་ཡག་པོ་བཞག་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་གྲོས་མཐུན་དོན་འཁྱོལ་བྱེད་འདོད་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་ཕྱི་སྦྱོང་སློབ་མ་ཨ་རིར་སློབ་སྦྱོང་ལ་ཡོང་བར་དགའ་བསུ་ཞུ་གི་ཡིན།

     ཞི་ཅིན་ཕིང་གིས་ཐེ་རོན་ཕུའུ་ཀྲུང་གོར་སླར་ཡང་འཚམས་འདྲིར་ཕེབས་རྒྱུར་དགའ་བསུ་ཞུས་ཤིང་། ཐེ་རོན་ཕུའུ་ཡིས་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུས་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་གཉིས་པོའི་ཚོགས་པས་རི་ནེ་ཝའི་ཐུན་མོང་ངོས་འཛིན་མུ་མཐུད་དོན་འཁྱོལ་ཡག་པོ་བྱས་ནས། རེས་སྐོར་གསར་པའི་གྲོས་མོལ་གང་མགྱོགས་བྱེད་རྒྱུའི་མོས་མཐུན་གནང་བ་རེད།