ཧོ་དབྱིན།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་06ཉིན། 10:07】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཞི་བདེར་སྐུལ་འདེད་དང་། བརྟན་ལྷིང་བརྩོན་ལེན། འཕེལ་རྒྱས་དོན་གཉེར་བཅས་བྱ་རྒྱུ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རྒྱལ་ཁབ་མང་ཆེ་བའི་ཐུན་མོང་གི་རེ་འདུན་རེད་ལ། སྐད་ཆ་ཤོད་རེས་དང་གྲོས་མོལ་བརྒྱུད་མི་མཐུན་པའི་ཆ་དང་རྩོད་གཞི་ཐག་གཅོད་བྱ་རྒྱུ་ནི་ས་ཁུལ་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་ཁ་ཕྱོགས་གཙོ་བོ་རེད།
“ཀྲུང་གོ་ཕྱོགས་ཀྱི་བདེ་འཇགས་ལྟ་བ་ལས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》གྱི་དམིགས་ཡུལ་དང་རྩ་དོན་གང་ལེགས་མངོན་ཡོད” “ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མཉམ་ལས་གཉིས་ཕན་དང་སྒོ་དབྱེ་བསྟུན་མཁས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཁུལ་ཁོངས་རྒྱལ་ཁབ་དང་ལག་གདང་སྦྲེལ་ནས་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད” ཉེ་ཆར་འཚོགས་པའི་ཤམ་བྷ་ལའི་སྐད་ཆ་ཤོད་རེས་ཚོགས་འདུ་སྐབས་ཉེར་གཉིས་པའི་ཐོག ཀྲུང་གོ་ཕྱོགས་ཀྱིས་ས་ཁུལ་ཕྱོཌ་ཁག་དང་ལག་གདང་སྦྲེལ་ནས་ཐུན་མོང་གི་བདེ་འཇགས་སྲུང་སྐྱོང་དང་ཞི་བདེ་དང་དར་རྒྱས་མཉམ་སྤྱོད་བྱེད་པའི་ཆོད་སེམས་བརྟན་པོ་མངོན་པ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཡུན་རིང་བརྟན་ལྷིང་ལ་དགེ་མཚན་ལྡན་པའི་སྟོབས་ཤུགས་བསྣན་པས་ས་ཁུལ་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་དང་ཚད་མཐོའི་ཁས་ལེན་ཐོབ་ཡོད།
འཛམ་གླིང་གི་གནས་བབ་ཁྲོད་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་ལ་འཐབ་ཇུས་ཀྱི་གནས་བབ་གལ་ཆེན་ལྡན་ཡོད་ལ། གོ་ལ་ཧྲིལ་པོའི་དཔལ་འབྱོར་དར་རྒྱས་ཀྱི་སྒུལ་ཤུགས་གལ་ཆེན་ཞིག་ཀྱང་རེད། ཞི་བདེར་སྐུལ་འདེད་དང་། བརྟན་ལྷིང་བརྩོན་ལེན། འཕེལ་རྒྱས་དོན་གཉེར་བཅས་བྱ་རྒྱུ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རྒྱལ་ཁབ་མང་ཆེ་བའི་ཐུན་མོང་གི་རེ་འདུན་རེད་ལ། སྐད་ཆ་ཤོད་རེས་དང་གྲོས་མོལ་བརྒྱུད་མི་མཐུན་པའི་ཆ་དང་རྩོད་གཞི་ཐག་གཅོད་བྱ་རྒྱུ་ནི་ས་ཁུལ་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་ཁ་ཕྱོགས་གཙོ་བོའང་རེད། དུས་ཚོད་ངེས་ཅན་ཞིག་གི་རིང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་བདེ་འཇགས་ལ་འཕྲད་པའི་ཉེན་ཁ་ངོ་མ་ནི་རྒྱལ་ཁབ་ལ་ལས་རང་ཉིད་ཀྱི་བཙན་དབང་སྲུང་ཆེད“ཧིན་རྡུ་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་འཐབ་ཇུས”ཟེར་བར་སྐུལ་འདེད་བཏང་སྟེ་འཁྲུག་རྐྱེན་རྒྱུན་མཐུད་སློང་བ་དང་དུས་བབ་ཛ་དྲག་པོ་བཟོ་བ་དེ་རེད། ས་ཁུལ་རྒྱལ་ཁབ་ཀྱིས་དེའི་ཐད་སེམས་ཁྲལ་ཡུན་རིང་བྱས་ཡོད། མ་ལེ་ཞི་ཡའི་ཙུང་ལི་ཨན་ཝར་གྱིས་སྐབས་འདིའི་སྐད་ཆ་ཤོད་རེས་ཚོགས་འདུའི་རིང“ཐུན་མོང་གི་བྱ་སྤྱོད་ལ་ཕྱིའི་ཕྱོགས་གཏོགས་ཀྱིས་ཁ་ཕྲལ་གཏོང་མི་ཐུབ”ཅེས་བརྗོད་པ་དེ་ཐོག་ནས་ས་ཁུལ་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་དཀྲུག་ཤིང་དང་གཏོར་བཤིག་ལ་ངོ་རྒོལ་བྱེད་དགོས་པའི་ཐུན་མོང་གི་འབོད་སྒྲ་མཚོན་ཡོད། དོན་མེད་སྦིར་བསྒྲགས་བཟོས་ནས་རྒྱལ་ཁབ་གཞན་ལ་འཇིགས་སྣང་བསྐུལ་ཏེ་ས་ཁུལ་ཁ་ཕྲལ་གཏོང་བ་དང་ས་ཁུལ་གྱི་བདེ་འཇགས་དུས་བབ་ལ་བཙན་ཤེད་ཀྱིས་གཏོར་བཤིག་གཏོང་བའི་ལྐོག་གཡོ་ལམ་ལྷོངས་ཡོང་མི་སྲིད་པ་དོན་དངོས་ལས་གསལ་བཤད་བྱས་ཡོད།
ཀྲུང་གོའི་འཕེལ་རྒྱས་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་ནས་འགོ་ཚུགས་པ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་ནས་ཕན་པ་ཐོབ་པ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་ལ་ལེགས་སྐྱེས་ཕུལ་ཡོད། དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་དར་ཆ་མཐོན་པོར་སྒྲེང་བ་དང་། གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་ལག་བསྟར། ཞི་བདེ་དང་། མཉམ་ལས། སྒོ་དབྱེ། བསྟུན་མཁས་བཅས་ཀྱི་ཨེ་ཤེ་ཡའི་རིན་ཐང་ལྟ་བ་རྩ་བའི་གཞི་འཛིན་སར་བྱེད་པ། ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས། ལྷག་བསམ་ཟོལ་མེད་ངང་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་བདེ་སྡུག་མཉམ་མྱོང་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག སྐད་ཆ་ཤོད་རེས་དང་གྲོས་མོལ་བཅས་ཀྱི་ཨེ་ཤེ་ཡའི་བདེ་འཇགས་བྱ་ཐབས་འཛུགས་རྒྱུར་སྐུལ་འདེད་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་བྱ་སྤྱོད་དངོས་ལ་བརྟེན་ནས་ས་ཁོངས་བདེ་འཇགས་ལ་སྐུལ་འདེད་གཏོང་བ་དང་། འགལ་བ་དང་རྩོད་གཞི་ཐག་གཅོད་འོས་འཚམ་བྱེད་པ། ས་ཁུལ་དེ་གའི་གླེང་མང་བའི་གནད་དོན་ཆུང་དུ་གཏོང་བར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ་ཕྱོགས་ཁག་དང་ལག་གདང་སྦྲེལ་ནས་བདེ་འཇགས་དང་བརྟན་ལྷིང་མུ་མཐུད་བསྲུངས་ཡོད། ཧིན་རྡུ་ཉི་ཞི་ཡའི་སློབ་ཆེན་ཁྲིམས་ལུགས་སློབ་གླིང་གི་རྒྱལ་སྤྱིའི་བཅའ་ཁྲིམས་ཞིབ་འཇུག་གི་རིགས་གཅིག་མཁས་ཅན་ཨ་ལི་སི་ཏི་ཨོ·ལི་ཚི་ཁ·ཏར་མ་ཝན་གྱིས་གསུངས་པ་ལྟར། འཇམ་འཐབ་ཀྱི་བསམ་གཞིག་དང་། བཙན་དབང་ཆབ་སྲིད། དཔུང་ཁག་གི་འགྲན་རྒོལ་བཅས་དོར་དགོས་པ་དང་རང་རྒྱལ་ཁབ་ཀྱི་བདེ་འཇགས་དེ་རྒྱལ་ཁབ་གཞན་བདེ་འཇགས་མིན་པའི་ཐོག་འཛུགས་རྒྱུར་ངོ་རྒོལ་བྱ་རྒྱུའི་ཀྲུང་གོ་ཕྱོགས་ཀྱི་རེ་འབོད་དེས་ཨེ་ཤེ་ཡས་མཉམ་ལས་ལ་བརྟེན་ནས་ས་ཁོངས་ནང་གི་བདེ་འཇགས་འགྲན་སློང་ལ་ཁ་གཏད་གཅོག་རྒྱུར་སྔར་བས་སྐུལ་འདེད་དང་བསྟུན་མཁས་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་རྒྱུ་རེད།
མིའི་རིགས་ཀྱི་སྤྱི་ཚོགས་ལ་ཞི་བདེའམ་ཡང་ན་དམག་འཁྲུག་དང་། དར་རྒྱས་སམ་ཡང་ན་ཉམས་རྒུད། མཐུན་སྒྲིལ་ལམ་ཡང་ན་འགྲན་རྒོལ་བཅས་ཀྱི་འགག་རྩའི་གདམ་ག་འཕྲད་ནས་སླར་ཡང་ལོ་རྒྱུས་ཀྱི་ལམ་བཞི་མདོ་ཁར་གནས་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་དང་མིའི་རིགས་ཡར་ཐོན་གྱི་ཕྱོགས་སུ་ལངས་ཏེ། ཕྱོགས་ཁག་དང་ལག་གདང་སྦྲེལ་ནས་མི་ཡུལ་གྱི་ཡང་དག་པའི་ལམ་དུ་མཉམ་དུ་སྐྱོད་པ་དང་། ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱས་ཏེ་རྒྱལ་ཁབ་ཆེན་པོའི་འགན་འཁྲིར་བརྟེན་ནས་འཛམ་གླིང་ལ་གཏན་འཁེལ་རང་བཞིན་དང་བརྟན་ལྷིང་རང་བཞིན་དེ་བས་མང་བ་མཁོ་འདོན་བྱས་ཡོད།