འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་6ཉིན།

༄༅།།ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་ཕན་ཚུན་སྦྲེལ་མཐུད་བྱེད་པའི་ཟམ་པ་གསར་པ་བསྐྲུན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་06ཉིན། 10:05】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲང་ཕེང་ཧུའེ།

     ཉིན་ཤས་གོང་། ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་ཀྱི་ཀན་ཆི་མའོ་ཏུའུ་འགག་སྒོ་ནས་ཀཱ་ཧྲུན་སུའུ་ཧའེ་ཐུའུ་འགག་སྒོ་བར་གྱི་ལྕགས་ལམ་འཛུགས་སྐྲུན་གྱི་འགོ་འཛུགས་མཛད་སྒོ་ཀྲུང་མོང་མཐའ་མཚམས་སུ་འཚོཌ་པ་རེད། རྣམ་གྲངས་འདི་ནི་1956ལོར་ཨེར་ལེན་ཧའོ་ཐེ་ནས་ཀྲ་མོན་ཝུའུ་ཏེ་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་70ཙམ་སོང་རྗེས་བསྐྲུན་པའི་ཀྲུང་མོང་དབར་གྱི་རྒྱལ་མཚམས་སྒྲོལ་བའི་ལྕགས་ལམ་གཉིས་པ་དེ་རེད། ལྕགས་ལམ་འདིར་ཀྲུང་མོང་རྒྱལ་ཁབ་གཉིས་ཀས་མཉམ་དུ་སྐུལ་འདེད་གཏོང་གི་ཡོད། འདི་ནི་ཀྲུང་གོའི་ནང་སོག་རང་སྐྱོང་ལྗོངས་པཱ་ཡན་ནའོ་ཨེར་གྲོང་ཁྱེར་ཀན་ཆི་མའོ་ཏུའུ་འགག་སྒོ་ནས་ཐོན་ཏེ་མོང་གོལ་རྒྱལ་ཁབ་ཀྱི་ཀཱ་ཧྲུན་སུའུ་ཧའེ་ཐུའུ་འགག་སྒོ་བརྒྱུད་མོང་གོལ་རྒྱལ་ཁབ་ཀྱི་ནན་ཀོ་པི་ཞིང་ཆེན་ཀཱ་ཧྲུན་སུའུ་ཧའེ་ཐུའུ་བབས་ཚུཌ་བར་སྦྲེལ་ཞིང་། སྤྱིའི་རིང་ཚད་ལ་སྤྱི་ལེ་9.91ཡོད། ཀྲུང་མོང་ཕྱོགས་གཉིས་པོས་རྒྱལ་གྲོལ་ལྕགས་ལམ“གཅིག་གྱུར་ཇུས་འགོད་དང་། སོ་སོས་འཛུགས་སྐྲུན། སྡེབ་གཅིག་ལ་སྦྲེལ་མཐུད”བཅས་བྱ་རྒྱུ་ཁ་གསལ་བཟོས་ཡོད་པ་རེད།

    ལྕགས་ལམ་རྣམ་གྲངས་འདིའི་ཀྲུང་གོའི་མངའ་ཁོངས་ནང་གི་ལམ་དུམ་ནི་ཀྲུང་གོ་རྒྱལ་ཁབ་ནུས་རྒྱུ་ཚོགས་པས་མ་དངུལ་བཏང་ནས་བསྐྲུན་རྒྱུ་དང་མོང་གོལ་མངའ་ཁོངས་ནང་གི་ལམ་དུམ་ནི་ཐཱ་པིན་ཐའོ་ལེ་ཀའེ་ལྕགས་ལམ་ཀུང་སིས་མ་དངུལ་བཏང་ནས་བསྐྲུན་རྒྱུ་རེད། རྒྱལ་མཚམས་སྒྲོལ་བའི་ལམ་དུམ་དེ་སྤྱི་ལེ་6.08ཡོད་པའི་ཟམ་པས་སྦྲེལ་ཡོད། ལྕགས་ལམ་ཧྲིལ་པོ་2027ལོར་ཤར་གཏོང་ཐུབ་རྒྱུ་དང་། སྔོན་དཔག་བྱས་ན་ཤར་གཏོང་ཐུབ་རྗེས་ལོ་རེར་དངོས་ཟོག་ཏུན་ཁྲི་3000རེ་སྐྱེལ་འདྲེན་ཐུབ་ནས་ཀན་ཆི་མའོ་ཏུའུ་འགག་སྒོའི་ལོའི་འགག་སྒྲོལ་ནུས་པ་ལྡབ་གཅིག་ཆེ་རུ་ཕྱིན་ཏེ་ཀྲུང་མོང་རྒྱལ་ཁབ་གཉིས་ཀྱི་རྒྱལ་སྒྲོལ་ཟོག་འགྲེམས་དང་། ཐོན་ལས་གླིང་། མཐའ་མཚམས་ཞབས་ཞུ་སོགས་ཀྱི་ལས་རྣམ་རིམ་སྤོར་ལ་སྐུལ་ཁྲིད་ནུས་ལྡན་ཐེབས་རྒྱུ་དང་སྦྲགས། དཔལ་འབྱོར་ཉོ་ཚོང་དང་། ནུས་རྒྱུའི་གཏེར་ཁ། ཕན་ཚུན་སྦྲེལ་མཐུད་སོཌ་གཙོ་གནད་ཁྱབ་ཁོངས་ཀྱི་ཀྲུང་མོང་མཉམ་ལས་རྒྱ་ཆེར་ཕྱིན་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་མོང་གོལ་རྒྱལ་ཁབ་ཀྱི“རྩྭ་ཐང་ལམ་བུའི”གྲོས་འགོའི་འཐབ་ཇུས་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བའི་ལག་ལེན་གལ་ཆེན་ཞིག་ཏུ་ཡང་འགྱུར་རྒྱུ་ཡིན་པ་རེད།

     མིག་སྔར། རྣམ་གྲངས་འདིའི་དུས་འགོའི་ལེ་ལག་ཚང་སྒྲིག་གི་ལས་གྲྭ་སྟེ། ཀན་ཆི་མའོ་ཏུའུ་འགག་སྒོ་ནས་པའོ་ཐོའུ་གྲོང་ཁྱེར་གྱི་ཝན་ཧྲུའེ་ཆོན་བབས་ཚུགས་ལྷོ་མ་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་ཀྱི་ཡོད་པ་རེད། རྣམ་གྲངས་བསྐྲུན་གྲུབ་རྗེས། ཀན་ཆི་མའོ་ཏུའུ་འགག་སྒོ་ནས་པའོ་ཐོའུ་གྲོང་ཁྱེར་གྱི་ཝན་ཧྲུའེ་ཆོན་བབས་ཚུགས་ལྷོ་མ་བར་གྱི་ལྕགས་ལམ་དང་མོང་གོལ་རྒྱལ་ཁབ་ཀྱི་ལྷོ་བགྲོད་ལྕགས་ལམ་གཉིས་སྦྲེལ་མཐུད་ཐུབ་རྒྱུ་ཡིན་པ་རེད། ཀྲུང་གོ་རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་འབྲེལ་ཡོད་འགན་འཁུར་བས། མོང་གོལ་ཕྱོགས་ཀྱི་ཁེ་ལས་དང་མཉམ་ལས་བྱས་ནས་མཉམ་ལས་ཇུས་གཞི་ཞིབ་ཕྲ་བཟོས་ཐོག་ལས་གྲྭའི་ལག་རྩལ་དང་། སྒྲིག་ཆས་སྒྲིག་བཀོད། ཨར་ལས་དོ་དམ་སོགས་ཐད་སྦྲེལ་མཐུད་ཟབ་ཏུ་བཏང་ནས། ལྕགས་ལམ་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་བཏང་སྟེ་རྣམ་གྲངས་འདི་སྔ་ཙམ་གཉེར་སྐྱོང་ཐུབ་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།