འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་4ཉིན།

༄༅།།“ཀྲུང་གོ་དང་འཇར་མན་དབར་ཕན་ཚུན་ཤེས་རྟོཌ་ཡོང་བར་སྐུལ་འདེད་གཏོང་བའི་ལས་སྟེགས”

འདི་ག་ཚགས་པར་གྱི་གསར་འགོད་པ། ལིའུ་ཀྲུང་ཧྭ་དང་། ཀུའོ་ཙི་ཡུན།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་04ཉིན། 09:53】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཉེ་ཆར། ཧྥ་ལན་ཁེ་ཧྥུ་རྒྱལ་སྤྱིའི་གྲུ་ཤན་འབྲུག་མགོ་མའི་མཛའ་གྲོགས་འགྲན་བསྡུར་སྐབས་གཉིས་པ་འཇར་མན་གྱི་ཧྥ་ལན་ཁེ་ཧྥུ་རུ་བྱས་ཤིང་། འཇར་མན་དང་། ཧྥ་རན་སེ། དབྱི་ཐ་ལི། ཨ་རི། ཐེ་ལན་སོགས་རྒྱལ་ཁབ་ནས་ཡོང་བའི་གྲུ་ཤན་འབྲུག་མགོ་མའི་གྲུ་གཟིངས་རུ་ཁག་17གྱིས་དཔའ་ངར་ཆེན་པོས་འབད་འབུངས་མདུན་སྐྱོད་བྱས་ནས་ས་གནས་དེ་གའི་དམངས་ཚོགས་ཁྲི་སྟོང་ལ་ཡིད་དབང་འཕྲོག་པའི་མིག་ཡིད་ཀྱི་དགའ་སྟོན་བཤམས་ཡོད།

    ཉིན་དེའི་སྔ་དྲོའི་ཆུ་ཚོད་9པར། གྲུ་ཤན་འབྲུག་མགོ་མའི་འགྲན་བསྡུར་དངོས་སུ་འགོ་ཚུགས་ཤིང་། མེ་དབྱིན་གཙང་པོའི་ཐོག་འགྲན་བསྡུར་ལ་ཞུགས་མཁན་རུ་ཁག་17གྱིས་རྔ་རྡུང་དར་འཕྱར་དང་འབོད་ཚིག་འབྲུག་སྒྲ་ལྡིར་ལྡིར་བསྒྲགས་ནས་ས་གནས་ས་ཐོག་ཏུ་ཧ་ཅང་འཁྲུག་ཆ་དོད། ཉིན་གཅིག་གི་འགྲན་རྩོད་ཛ་དྲག་བྱས་པ་བརྒྱུད། དབྱི་ཐ་ལིའི“ཀྲུང་གོ་བའི་གྲུ་ཤན་འབྲུག་མགོ་མའི་རུ་ཁག”ལ་ཆེད་ལས་ཚོགས་ཆུང་གི་ཨང་དང་པོ་ཐོབ་པ་རེད།

     འཇར་མན་གྱི་ཝུར་མུའུ་ཏུའོ་ནའོ་ལུང་རུ་ཁག་གི་རྩལ་ཁྲིད་པ་མཱ་ལི་ཡཱ·ལུའོ་ཙིས“ང་ཚོས་ནུས་ཤུགས་གང་ཡོད་བཏོན་པ་ཡིན། ང་ཚོའི་རུ་ཁག་ལོ་གཉིས་འགྲན་བསྡུར་ལ་ཞུགས་པ་ཡིན། འགྲན་བསྡུར་ཁྲོད་ང་ཚོས་ལུས་རྩལ་འགྲན་བསྡུར་དང་རིག་གནས་སྤེལ་རེས་ལ་ཕན་ཚུན་སྐུལ་མ་ཐེབས་པའི་མྱོང་ཚོར་ཟབ་མོ་བྱུང”ཞེས་བརྗོད། ལུའོ་ཙིས་གྲུ་ཤན་འབྲུག་མགོ་མའི་རྣམ་གྲངས་དེར་དགའ་པོ་བྱས་ནས་ལོ་20སོང་ཞིང་། ཁོང་གིས་དེ་སྔ་ཝུར་མུའུ་གྲུ་ཤན་འབྲུག་མགོ་མའི་སྤྲོ་སྐྱིད་ཁང་གི་ལས་དོན་མི་སྣ་དང་མཉམ་དུ་པེ་ཅིང་དང་ཧྲང་ཧའེ་སོགས་སུ་འཚམས་འདྲིར་བསྐྱོད་དེ་ཀྲུང་གོའི་གྲུ་ཤན་འབྲུག་མགོ་མར་དགའ་པོ་བྱེད་མཁན་དང་སྤེལ་རེས་བྱས་པ་རེད། “གྲུ་ཤན་འབྲུག་མགོ་མའི་འགྲན་བསྡུར་ནི་ཀྲུང་གོའི་རིག་གནས་ལ་རྒྱུས་ལོན་བྱེད་པའི་ཐབས་ཤེས་ཡག་པོ་ཞིག་རེད”

    “གྲུ་ཤན་འབྲུག་མགོ་མའི་འགྲན་བསྡུར་ནི་ཀྲུང་གོ་དང་འཇར་མན་དབར་ཕན་ཚུན་ཤེས་རྟོགས་ཡོང་བར་སྐུལ་འདེད་གཏོང་བའི་ལས་སྟེགས་ཤིག་རེད། ང་དང་ལུའོ་ཙི་གྲུ་ཤན་འབྲུག་མགོ་མའི་དབང་གིས་གྲོགས་པོར་གྱུར་ནས་མཉམ་དུ་འགྲན་བསྡུར་ལ་ཞུགས་པ་ཡིན། རྒྱལ་ཁབ་མི་འདྲ་བའི་མི་རྣམས་གྲུ་ཤན་འབྲུག་མགོ་མར་བརྟེན་ནས་ངོ་ཤེས་པ་དང་ཕྱར་བ་གྲུ་འདེགས་ཀྱི་མཉམ་སྡེབ་ཅིག་ཏུ་གྱུར་སོང”ཞེས་ཝུར་མུའུ་རྒྱ་ཡིག་སློབ་གྲྭའི་སློབ་སྤྱི་ལིའུ་ཧྲན་ཧྲན་གྱིས་བརྗོད།

     སྐབས་འདིའི་གྲུ་ཤན་འབྲུག་མགོ་མའི་འགྲན་བསྡུར་ནི་ཧྥ་ལན་ཁེ་ཧྥུ་མེ་ལུང་གྲུ་ཤན་འབྲུག་མགོ་མའི་ལུས་རྩལ་རིག་གནས་མཐུན་ཚོགས་དང་ཀྲུང་གོ་དང་འཇར་མན་རིག་གནས་སྒྱུ་རྩལ་མཐུན་ཚོགས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད། “སྐབས་འདིའི་འགྲན་བསྡུར་གཉེར་བའི་ཐོག་མའི་བསམ་འདུན་ནི་ཀྲུང་གོ་དང་འཇར་མན་གྱི་དམངས་ཁྲོད་འགྲོ་འོང་ལ་མཛའ་གྲོགས་ཀྱི་ཟམ་པ་བསྐྲུན་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་ཆོས་རིག་གནས་སྤེལ་རེས་ལ་གསོན་ཤུགས་གསར་པ་སྣོན་རྒྱུ་དེ་ཡིན”ཞེས་ཧྥ་ལན་ཁེ་ཧྥུ་རུ་བཅའ་སྡོད་ཀྲུང་གོའི་ས་གནས་སྤྱི་ཁྱབ་ཁེ་སྐྱོང་བ་ཧོང་དབྱི་དབྱང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད་པ་དང་། ཁོང་གིས་གྲུ་ཤན་འབྲུག་མགོ་མའི་འགྲན་བསྡུར་ནི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གོམས་སྲོལ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་འབད་བརྩོན་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་བསམ་པའི་ཉམས་འགྱུར་མངོན་པ་མ་ཟད། ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གནས་སྤེལ་རེས་དང་དམངས་སེམས་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བར་ཐུན་མོང་མ་ཡིན་པའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།