འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་3ཉིན།

༄༅།།ལྗང་གློག་ཐད་སྦྲེལ་འཕེལ་རྒྱས་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ་ནུས་རྒྱུ་གསར་པ་ཐག་ཉེ་ས་དང་ས་གནས་དེ་གར་སྤྱོད་མང་དུ་བཏང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་03ཉིན། 10:12】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས《ལྗང་གློག་ཐད་སྦྲེལ་འཕེལ་རྒྱས་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བའི་འབྲེལ་ཡོད་དོན་ཚན་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་ཏེ་ཁེ་ལས་ཀྱི་ལྗང་མདོག་ནུས་སྤྱོད་དགོས་མཁོ་སྐོང་བ་དང་ནུས་རྒྱུ་གསར་པ་ཐག་ཉེ་ས་དང་ས་གནས་དེ་གར་སྤྱོད་པའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དམིགས་ཡུལ་དུ་བྱེད་པ་དང་བདེ་འཇགས་སྔོན་འགྲོ་དང་། ལྗང་མདོག་མཛའ་མཐུན། དབང་འགན་འདྲ་མཚུངས། ཁུངས་ཐེག་སྙོམ་སྒྲིག་བཅས་ཀྱི་རྩ་དོན་གཞིར་བཟུང་ལྗང་གློག་ཐད་སྦྲེལ་རྣམ་གྲངས་འཛུགས་སྐྲུན་དང་འཁོར་སྐྱོད་བྱེད་དགོས་པ་བཏོན་ཡོད།

ཐད་སྦྲེལ་ཞེས་པ་ནི་གློག་ཁུངས་ཐད་ཀར་སྤྱི་པའི་གློག་དྲ་དང་འབྲེལ་མཐུད་མི་བྱེད་པར། སྤྱོད་མཁན་དང་ཐད་ཀར་འབྲེལ་མཐུད་བྱས་པའི་གློག་ཤུགས་སྐུད་ལམ་ནས་སྤྱོད་མཁན་རྐྱང་པར་གློག་མཁོ་འདོན་བྱེད་པ་དང་། མཁོ་སྤྲོད་བྱས་པའི་གློག་ཚད་ཀྱིས་དངོས་ལུགས་ཀྱི་འབྱུང་ཁུངས་གསལ་པོར་འདེད་ཐུབ་ཀྱི་ཡོད། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ད་ལྟའི་དུས་མཚམས་སུ་ལྗང་མདོག་གློག་ཐད་སྦྲེལ་གྱི་གློག་ཁུངས་ནི་རླུང་ནུས་དང་། ཉི་ནུས། སྐྱེ་དངོས་རྫས་ནུས་སོགས་ནུས་རྒྱུ་གསར་པ་ཡིན་པ་དེའི་ནང་གསར་དུ་བསྐྲུན་པའི་གློག་ཁུངས་ཚུད་ཡོད་ལ་གསོག་འཇོག་ནུས་རྒྱུ་གསར་པའི་རྣམ་གྲངས་ཀྱང་ཚུད་ཡོད་ཅེས་བརྗོད།

འགན་འཁུར་བ་དེས་རང་རྒྱལ་གྱི་ནུས་རྒྱུ་གསར་པར་མྱུར་འཕར་རྣམ་པའི་འཕེལ་རྒྱས་ཕྱིན་པར་བརྟེན་ནས། ནུས་རྒྱུ་གསར་པའི་འཛད་སྤྱོད་གནོན་ཤུགས་ལོ་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། ལྗང་མདོག་གློག་ཐད་སྦྲེལ་རྣམ་གྲངས་སོགས་བརྒྱུད་ཐག་ཉེ་ས་དང་ས་གནས་དེ་གའི་འཛད་སྤྱོད་དགོས་མཁོ་སྔོག་འདོན་ཐུབ་ནས། ནུས་རྒྱུ་གསར་པའི་བཀོལ་སྤྱོད་རྣམ་པ་རྒྱ་སྐྱེད་དང་ནུས་རྒྱུ་གསར་པའི་ཐོན་ཁུངས་སྤྱོད་ཚད་མང་དུ་ཕྱིན་ཡོད། གཞན་ཡང་། རྣམ་གྲངས་ཀྱིས་གློག་སྤྱོད་མཁན་གྱི་ལྗང་མདོག་དང་ཐཱན་ཉུང་ཕྱོགས་སྒྱུར་གྱི་དགོས་མཁོ་ཡང་སྐོང་ཐུབ་ནས་སྤྱོད་མཁན་གྱིས་གློག་སྤྱོད་པའི་མ་གནས་དམའ་རུ་གཏོང་བར་གདམ་ག་དེ་བས་མང་བ་མཁོ་འདོན་བྱས་ཡོད་ཅེས་བརྗོད།

བརྡ་ཐོའི་ནང་། རྣམ་གྲངས་ཀྱི་ནུས་རྒྱུ་གསར་པའི་ལོ་རེའི་རང་འཕེལ་རང་སྤྱོད་གློག་ཚད་ཀྱིས་སྤྱིའི་གློག་གཏོང་ཚད་ཁྲོད་བཟུང་བའི་བསྡུར་ཚད་60%ལས་མི་དམའ་བ་དང་། སྤྱིའི་གློག་སྤྱོད་ཚད་ཁྲོད་བཟུང་བའི་བསྡུར་ཚད་དེ་2025ལོའི་30%ལས་མི་དམའ་བ་ནས་2030ལོའི་35%ལས་མི་དམའ་བའི་བར་ལོ་རེ་བཞིན་མཐོ་རུ་ཕྱིན་ནས། ནུས་རྒྱུ་གསར་པའི་རྣམ་གྲངས་ཐག་ཉེ་ས་དང་ས་གནས་དེ་གར་སྤྱོད་པར་ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

(བསོད་ནམས་དཔའ་མོས་བསྒྱུར། པ་སངས་ཀྱིས་ཞུས)