འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་3ཉིན།

ཨན་ཧུའེ་ནན་ལིང་རྫོང་གིས་འཁོར་འབྲེལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་ཞབས་ཞུའི་མ་ལག་བཙུགས་པ།

༄༅།།རིག་ནུས་ཟོག་འགྲེམས་སྒྲིག་ཆས་ཐོན་ལས་དར་རྒྱས་ཆེན་པོ་བྱུང་བ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཐེན་ཤན་ཅིན།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་03ཉིན། 10:10】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

རིག་ནུས་དབྱེ་འབྱེད་སྒྲུབ་རིམ་མགྱོགས་མྱུར་འཁོར་སྐྱོད་བྱས་པ་ལས་ཟོག་འགྲེམས་མཉམ་འགྲེམས་ལྟེ་གནས་སུ་བྲེལ་འཚུབ་ཧ་ཅང་ཆེ་ལ་ཁྲོམ་གཞུང་ཆེ་ཆུང་གང་སར་མི་མེད་སྡེབ་སྐྱེལ་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་པར་བྲེལ་བཞིན་ཡོད།

སྦྲག་སྐྱེལ་བ་ཀྲུའུ་ཤིས་ཆིན་གྱིས“མིས་ས་གནས་ལ་ཞིབ་བཤེར་བྱེད་མི་དགོས་པ་ལས་ཆར་རླུང་ཁྲོད་སྐྱོད་ཧ་ཅང་གིས་ཉུང་དུ་ཕྱིན་ཡོད། རིག་ནུས་སྒྲིག་ཆས་ཡོད་པ་དེས་ལས་ཆོད་ཧ་ཅང་ཆེ་རུ་ཕྱིན་སོང”ཞེས་བཤད།

ཨན་ཧུའེ་ཞིང་ཆེན་ཝུའུ་ཧུའུ་གྲོང་ཁྱེར་ནན་ལིང་རྫོང་དུ་མི་མེད་སྡེབ་སྐྱེལ་རླངས་འཁོར་བརྒྱ་ལྷག་ཙམ་གྱིས་རྫོང་ཁོངས་ཀྱི་སྦྲག་ཚུགས་90%ཡི་དངོས་ཟོག་སྐྱེལ་འགན་འཁུར་གྱི་ཡོད་པ་དང་ཉིན་ལྟར་མྱུར་སྐྱེལ་དངོས་པོ་ཁྲི་3ལྷག་ཙམ་སྡེབ་སྐྱེལ་བྱེད་ཀྱི་ཡོད་པ་རེད། ད་ལོའི་ཟླ་3པར། མྱུར་སྐྱེལ་མི་མེད་སྡེབ་སྐྱེལ་ལས་སྒོ་ད་དུང་རྫོང་ནས་གྲོང་གསེབ་ཏུ་རྒྱ་སྐྱེད་བཏང་བ་རེད།

2024ལོའི་ཟླ་10པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཨན་ཧུའེ་རུ་རྟོག་ཞིབ་གནང་སྐབས། “རྫོང་གྲོང་གཞི་རྟེན་གལ་ཆེན་དུ་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་རྫོང་ཁོངས་དཔལ་འབྱོར་སྟོབས་ཆེར་གཏོང་དགོས”ཞེས་གསུངས་པ་རེད།

ཨན་ཧུའེ་ཀྲུང་ཁོ་ཝུའེ་ཀྲེ་ཟོག་འགྲེམས་སྒྲིག་ཆས་བཟོ་སྐྲུན་ཚད་ཡོད་ཀུང་སིར་གྲངས་འཛིན་ཅན་གྱི་ཐོན་སྐྱེད་འཁོར་ཁང་ནུས་ཆེའི་ངང་འཁོར་སྐྱོད་བྱེད་བཞིན་ཡོད་པ་རེད། ཀུང་སིའི་སྲིད་འཛིན་ཅིང་ལི་ཝུའུ་ཅིང་གིས། “ང་ཚོའི་ཐོན་རྫས་རང་འགུལ་དབྱེ་འབྱེད་དང་རིག་ནུས་མཛོད་ཉར་སོགས་བྱེད་ཀྱི་ཡོད་པས་ཐོན་རྫས་རིན་ཐང་ལོ་གསུམ་བསྟུད་མར་སྒོར་དུང་ཕྱུར་10ཙམ་ཟིན་ཡོད”ཅེས་བཤད།

རང་འགུལ་ངང་སྒོ་རྩར་སྐད་ཆ་འདྲི་བ་དང་། ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱེད་པར་གདན་དྲངས་བ། ཐོན་ལས་སྲིད་ཇུས་དོན་འཁྱོལ་སོགས་བྱས་ཡོད། ལྷག་བསམ་དང་འབད་བརྩོན་ལྷོད་མེད་ལ་བརྟེན་ནས་ནན་ལིང་རྫོང་གིས་ཨན་ཧུའེ་ཀྲུང་ཁོ་ཝུའེ་ཀྲེ་ཟོག་འགྲེམས་སྒྲིག་ཆས་བཟོ་སྐྲུན་ཚད་ཡོད་ཀུང་སི་སོགས་ཁེ་ལས་ནང་འདྲེན་བྱས་ཏེ་ཅུང་ཆ་ཚང་བའི་ཐོན་ལས་འཁོར་འབྲེལ་མགྱོགས་མྱུར་ཆགས་པར་བྱས་པ་རེད།

ནན་ལིང་རྫོང་སྦྲག་སྲིད་ལས་རིགས་འཕེལ་རྒྱས་ལྟེ་གནས་ཀྱི་ཀྲུའུ་རེན་ཧྥན་ལན་ཁྲེང་གིས། “གནད་ལ་འཁེལ་བའི་ཐོན་ལས་ངེས་གནས་དང་། སྤུས་ལེགས་ཁེ་ལས་ནང་འདྲེན། དེ་བཞིན་རྗེས་མཐུད་སྲིད་ཇུས་ཀྱི་རོགས་སྐྱོར་བཅས་ལས་རིག་ནུས་ཟོག་འགྲེམས་སྒྲིག་ཆས་ཐོན་ལས་མགྱོགས་མྱུར་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་གི་ཡོད”ཅེས་བཤད།

གསར་གཏོད་ཀྱི་དྲང་ནུས་ཆེ་རུ་བཏང་ཞིང་། རྒྱལ་ཁབ་སྦྲག་སྲིད་ཅུས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་དང་ཕྱོགས་ཡོངས་ནས་མཉམ་ལས་བྱས་པ་དང་། ཧྲུན་ཧྥུང་མ་རྐང་ཚོད་འཛིན་མ་རྐང་ཚད་ཡོད་ཀུང་སི་དང་མཉམ་དུ་རིག་ནུས་ཟོག་འགྲེམས་སྒྲིག་ཆས་ཞིབ་འཇུག་བྱེད་པ་སོགས་ཐད་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག་པ། ནན་ལིང་ཡིའུ་ཀུའུ་ཚན་རྩལ་གསར་གཏོད་གླིང་སོགས་ནུས་པ་མཐོ་བའི་གསར་གཏོད་ལས་སྟེགས་སྣ་ཚོགས་མགྱོགས་མྱུར་བཏོད་པ་བཅས་བྱས་ཡོད།

ཐོན་ལས་སྐྱེ་ཁམས་ཕུན་སུམ་ཚོགས་སུ་བཏང་ཞིང་། ཀུང་སི་61བསྡུས་ཏེ་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་མྱུར་སྐྱེལ་ཟོག་འགྲེམས་རིག་ནུས་སྒྲིག་ཆས་ཐོན་ལས་མནའ་འབྲེལ་འཛུགས་རྒྱུའི་གྲོས་འགོ་བཏོན་ནས་ཁེ་ལས་ལ་ཁྲོམ་ར་རྒྱ་སྐྱེད་གཏོང་རོགས་བྱས་པ་རེད།

ཉེར་སྤྱོད་ཀྱི་རྣམ་པ་རྒྱ་སྐྱེད་བཏང་ཞིང་། མི་མེད་ཅན་གྱི་ཉེར་སྤྱོད་ཁོར་ཡུག་གི་གསལ་ཐོ་ཁག་16ཁྱབ་བསྒྲགས་བྱས་ཏེ“ཁོར་ཡུག་ཉེར་སྤྱོད་དང་། ཚོང་ལས་གཉེར་སྐྱོང་། ཐོན་ལས་རྟེན་གཞི”བཅས་ཟུང་དུ་འབྲེལ་བའི་འཁོར་འབྲེལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་ཞབས་ཞུའི་མ་ལག་བཙུགས་པ་རེད།

མིག་སྔའི་བར། ནན་ལིང་རྫོང་དུ་རིག་ནུས་ཟོག་འགྲེམས་སྒྲིག་ཆས་ཐོན་ལས་ཀྱི་འབྲེལ་ཡོད་ཁེ་ལས་170ལྷག་ཙམ་འདུས་པ་དང་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་260 ལྷག་ཙམ་ཟིན་ཡོད། 2024ལོར་ནན་ལིང་རྫོང་གི་རིག་ནུས་ཟོག་འགྲེམས་སྒྲིག་ཆས་ཐོན་ལས་༸ཕྱུར་88.14ཟིན་པ་དེ་དུས་མཚུངས་ལས་22.4%འཕར་ཡོད་པ་རེད།

གསར་དར་ཐོན་ལས་འཕེལ་རྒྱས་གཏོང་བར་གསར་གཏོད་ཤེས་ལྡན་པ་རྒྱུན་མཐུད་མཁོ་སྤྲོད་བྱ་རྒྱུ་ནི་དེ་བས་འགག་རྩ་ཞིག་རེད། ནན་ལིང་རྫོང་གིས་ཝུའུ་ཧུའུ་ལས་རིགས་ལག་རྩལ་སློབ་གླིང་དང་མཉམ་འབྲེལ་ཐོག་དེང་རབས་ཟོག་འགྲེམས་རིག་ནུས་བཟོ་སྐྲུན་སློབ་གླིང་བཙུགས་པ་དང་2024ལོར་ཁག་དང་པོའི་སློབ་མ་300ཙམ་བསྡུས་པ་རེད།