འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་3ཉིན།

ལོ་8ལྷག་ཙམ་རིང་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་200ལྷག་ཙམ་བར་རྒྱ་སྐྱེད་བྱུང་བ།

༄༅།།“རི་མོ་གཅིག”ལས་ཞུང་ཨན་ཁུལ་གསར་གྱི་འགྱུར་ལྡོག་ལ་བལྟ་བ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲང་ཀྲི་ཧྥུང་།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་03ཉིན། 10:06】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

རྣམ་གྲངས་ཀྱི་རི་མོ་དང་། སྲུང་སྐར་གྱི་ས་བཀྲ འཆར་འགོད་ཀྱི་རི་མོ་སོགས། ཧོ་པེ་ཞུང་ཨན་ཁུལ་གསར་དོ་དམ་ཨུ་ལྷན་དུ་བཅར་འདྲིར་སྐྱོད་སྐབས་བག་ཆགས་ཟབ་ཤོས་ནི་རི་མོ་དེ་དག་རེད།

“ཚད་གཞི་མཐོ་བའི་གྲོང་ཁྱེར་འཆར་འགོད་ཀྱི་འཆར་གཞི་དེ་ཉིད་སྤུས་ཚད་མཐོ་བའི་གྲོང་ཁྱེར་འཕེལ་རྒྱས་ཀྱི་དོན་དངོས་སུ་དངོས་འབྲེལ་འགྱུར་བར་བྱེད་དགོས”ཞེས་2023ལོའི་ཟླ་5པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་པེ་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་སྐབས་ནན་བཤད་དེ་ལྟར་གནང་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། འཆར་གཞི་དེ་ཉིད་དངོས་ལྗོངས་སུ་འགྱུར་བར་སྐུལ་འདེད་ཧུར་ཐག་བཏང་ཞིང་། ད་ཆ་ཆུ་ཚད་མཐོ་བའི་དེང་རབས་ཅན་གྱི་གྲོང་ཁྱེར་འདི་ཉིད་འཕེལ་རྒྱས་མྱུར་པོ་འགྲོ་བཞིན་ཡོད། ལོ་8ལྷག་ཙམ་རིང་ཞུང་ཨན་ཁུལ་གསར་གྱི་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་200ལྷག་ཙམ་བར་རྒྱ་སྐྱེད་བྱུང་ཡོད།

རི་མོ་གཅིག་ལས་གང་ཞིག་མཐོང་ཐུབ་པ་ཡིན་ནམ་ཞེ་ན།

ཞུང་ཨན་ཁུལ་གསར་དུ་ལས་ཀ་བྱས་ནས་ལོ་4སོང་རིང་། ཞུང་ཨན་ཁུལ་གསར་གྱི་འགོ་ཚུགས་ཁུལ་དོ་དམ་ཨུ་ལྷན་ཞབས་ཞུ་ཁྲུའི་ལས་དོན་པ་ཡའོ་ཁྲེན་ཡུས་ཀྱིས་རྣམ་གྲངས་ཀྱི་རི་མོ་མང་པོ་ཞིག་བསགས་ཡོད་པ་སྟེ། 2021ལོའི་པར་གཞི་ནས་2025ལོའི་པར་གཞི་བར་གྱི་རི་མོ་20ལྷག་ཙམ་ཡོད། དེ་དག་རེ་རེ་བཞིན་དུ་ལྟ་སྐབས། ཞུང་ཨན་གྱི་གྲོང་ཁྱེར་འཛུགས་སྐྲུན་གྱི་དངོས་མཚོན་གློག་བརྙན་ལ་བལྟས་པ་དང་གཉིས་སུ་མ་མཆིས། 2021ལོར། འགོ་ཚུགས་ཁུལ་འཛུགས་སྐྲུན་བྱེད་འགོ་ཚུགས་ནས་ཡུན་རིང་མ་སོང་ཞིང་། སྐབས་དེ་དུས་རྣམ་གྲངས་ཀྱི་རི་མོ་ད་དུང་དེ་ཙམ་ཆ་ཚང་པོ་མེད། ད་ཆ་ལས་གྲྭ་མང་དུ་དང་འཛུགས་སྐྲུན་བྱེད་མགྱོགས་སུ་ཕྱིན་ནས་རི་མོ་དེ་རིགས་རིམ་བཞིན་ཕུན་སུམ་ཚོགས་སུ་ཕྱིན་ཡོད།

འཕེལ་རྒྱས་མྱུར་ཚད་ཀྱི་རྒྱབ་ཏུ་སྒྱུར་བཅོས་ཀྱི་སྒུལ་ཤུགས་ཡོད། ནང་ཁུལ་མཛེས་བཟོ་བྱེད་བཞིན་པའི་ཀྲུང་གོ་རྫས་འགྱུར་བཟོ་ལས་ཚོགས་པ་སྤྱི་ཁྱབ་པུའུ་རུ་སྐྱོད་སྐབས། ཡའོ་ཁྲེན་ཡུས་ཀྱིས་2022ལོའི་ཁུལ་གསར་འགོ་ཚུགས་ཁུལ་གྱི་རྣམ་གྲངས་ཀྱི་རི་མོ་ཞིག་བཏོན་པ་དེའི་ནང་འཆར་འགོད་བྱས་པའི་ཀྲུང་གོ་རྫས་འགྱུར་བཟོ་ལས་ཚོགས་པ་སྤྱི་ཁྱབ་པུའི་ཐོག་བརྩེགས་ཁང་ཆེན་དེ་ཉིད་ད་ཆ་མཐོ་ཚད་སྨི་150ཟིན་པའི་སྐྲུན་དངོས་ཤིག་ཏུ་གྱུར་ཡོད། སྔོན་དཔག་བྱས་ན། ལོ་མཇུག་གོང་དེའི་ནང་སྡོད་ཆོག་པའི་ཆ་རྐྱེན་འཛོམ་རྒྱུ་རེད། སྤྱིར་བཏང་གི་བརྒྱུད་རིམ་ལྟར་ན། རྒྱ་ཁྱོན་ཆེ་བའི་འཛུགས་སྐྲུན་ལས་གྲྭ་འདི་རིགས་ལ་ཨར་ལས་ཆོག་འཐུས་སྣ་ཚོགས་ཀྱི་འགྲོ་ལུགས་གཉེར་བར་ཟླ་བ་6འགོར་གྱི་ཡོད། ཁུལ་གསར་གྱིས་སྲིད་འཛིན་ཞིབ་མཆན་འགོད་པའི་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་བཏང་བ་ལས། “ཐམ་ཀ་གཅིག་གིས་འགོ་ནས་མཇུག་བར་གོ་ཆོད་པ”དང་ཨར་ལས་ཆོག་འཐུས་དུས་མཚམས་དབྱེ་ནས་གཉེར་བས། རྣམ་གྲངས་ཀྱི་ས་ཆ་རག་པ་ནས་འཛུགས་སྐྲུན་བྱེད་པའི་བར་ཟླ་བ་གཅིག་ལས་འགོར་གྱི་མེད།

རི་མོ་འདི་ལས“མྱུར་ཚད”ཁྲོད་ནས“སྤུས་ཚད”མངོན་ཞིང་། 2024ལོའི་ཟླ་10པར། ཀྲུང་དབྱང་ཁེ་ལས་ཁག་དང་པོའི་ནང་ནས་ཀྲུང་གོ་སྲུང་སྐར་དྲ་རྒྱ་ཚད་ཡོད་ཀུང་སི་གཞུང་ལས་སྒྲུབ་པར་ཨང་དང་པོ་བཅའ་སྡོད་བྱས་པ་དང་འབྲེལ། ཐོན་ལས་སྔ་མ་དང་ཕྱི་མའི་ཁེ་ལས་དང་མཉམ་དུ་ཀྲུང་གོའི་མཁའ་དབྱིངས་ཆ་འཕྲིན་དང་སྲུང་སྐར་དྲ་སྦྲེལ་གསར་གཏོད་མནའ་འབྲེལ་གྲོས་འགོ་བཏོན་ནས་བཙུགས་ཏེ། འཁོར་འབྲེལ་ཁེ་ལས་ཁྱུ་ཚོགས་50ཙམ་འདུ་འཛོམས་བྱེད་པའི་ཡིད་དབང་འཕྲོག་པས། ཁུལ་གསར་གྱི་ཐོན་ལས་འཁོར་འབྲེལ་དང་པོ་མཉམ་འདུས་བྱུང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་གྲུབ་ཡོད།

རི་མོ་འདི་ལས“སྤུས་ཚད”ཁྲོད་ནས“མཐོ་གསར”མངོན་ཞིང་། རྣམ་གྲངས་ཀྱི་རི་མོའི་ནང་མཐོ་གསར་ལག་རྩལ་ཁེ་ལས་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ་དང་། མེ་ཁ་མན་ཏེ་ཀུང་སི་ནི་དེའི་ནང་གི་གྲས་ཤིག་རེད། 2024ལོའི་ཟླ་11པར། ཞུང་ཨན་ཁུལ་གསར་གྱི་ཀྲུང་ཀོན་ཚུན་ཚན་རྩལ་གླིང་དུ་མེ་ཁ་མན་ཏེ(པེ་ཅིང)འཕྲུལ་མི་ཚན་རྩལ་ཚད་ཡོད་ཀུང་སིའི་སྒོ་བྱང་གི་ཡོལ་ཁེབས་ཕྱེ་བ་དང་། དེ་རྗེས། མེ་ཁ་མན་ཏེ་ཀུང་སི་དང་ཁེ་ལས་གཞན་དག་གིས་ཞུང་ཨན་ཁུལ་གསར་གྱི་ཀྲུང་ཀོན་ཚུན་འཕྲུལ་མིའི་ཐོན་ལས་མནའ་འབྲེལ་གྲོས་འགོ་བཏོན་ནས་བཙུགས་ཏེ། རིག་ནུས་འཕྲུལ་མིའི་ཐོན་ལས་མཉམ་སྒྲུབ་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

རབས་གསར་པའི་ཆ་འཕྲིན་ལག་རྩལ་སོགས་ཀྱི་ཁྱབ་ཁོངས་ལ་གཞིགས་ནས། ཞུང་ཨན་ཁུལ་གསར་གྱིས་འབྱུང་འགྱུར་ཐོན་ལས་ཀྱི་འཕེལ་རྒྱས་ཐབས་ལམ་གསར་པ་ཇུས་འགོད་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་མགྱོགས་པོ་བྱས་ཡོད། མིག་སྔར། ཞུང་ཨན་ཁུལ་གསར་གྱི་ཀྲུང་ཀོན་ཚུན་ཚན་རྩལ་གླིང་དུ་ཁེ་ལས་130ཙམ་གདན་དྲངས་པ་དེའི་ནང་རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཁེ་ལས་35ཡོད་པ་རེད།

ཞུང་ཨན་ཁུལ་གསར་གྱི་སྲུང་སྐར་གྱི་ས་བཀྲར་ལྟ་སྐབས། ལྗོན་ཤིང་ཁྲོད་རྣམ་གྲངས་གསར་པ་མང་པོ་མངོན་ཞིང་། སྨི་300བསྐྱོད་ན་སྤྱི་གླིང་དུ་སླེབས་པ་དང་། སྤྱི་ལེ་1བསྐྱོད་ན་ནགས་ཁུལ་དུ་སླེབས་པ། སྤྱི་ལེ་3བསྐྱོད་ན་ནགས་ཚལ་དུ་སླེབས་ཀྱི་ཡོད། ཁུལ་གསར་བཙུགས་ཚུན། རིམ་རྩིས་བརྒྱབ་ན་ནགས་བཟོ་མུའུ་ཁྲི་48.1བྱས་པས། ནགས་ཚལ་ཁེབས་ཚད་11%ནས་ད་ལྟའི་35%བར་མང་དུ་ཕྱིན་ནས། “ལྗང་མདོག་འདུས་ཚད”རིམ་བཞིན་མཐོ་རུ་ཕྱིན་ཡོད།

འཆར་གཞི་གཅིག་ལག་ལེན་མཐའ་གཅིག་ཏུ་བསྟར་བ་དང་། འཆར་འགོད་རི་མོ་རིམ་བཞིན་དོན་དངོས་སུ་འགྱུར་བཞིན་ཡོད།

མིག་སྔའི་བར། ཁུལ་གསར་གྱིས《ཧོ་པེ་ཞུང་ཨན་ཁུལ་གསར་གྱི་འཆར་འགོད་རྩ་གནད》སོགས་ཀྱི་འཆར་འགོད་མ་ལག་བཟོས་ཤིང་། སྤྱི་ལེ་ངོས་གྲུ་12ཟིན་པའི་རུང་ཏུང་ཡུག་ཁུལ་ནས་སྤྱི་ལེ་ངོས་གྲུ་38ཟིན་པའི་འགོ་ཚུགས་ཁུལ་དང་། དེ་ནས་མིག་སྔར་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་200ལྷག་ཙམ་རྒྱ་སྐྱེད་བྱུང་བའི་བར། ལོ་རེ་བཞིན་འཛུགས་སྐྲུན་བྱས་པ་དང་བསྟུན་ནས། ཁུལ་གསར་འཆར་འགོད་རི་མོ་འཛུགས་སྐྲུན་བྱེད་ཚད་རྒྱུན་ཆད་མེད་པར་གསར་པར་བསྒྱུར་ཏེ། འགྲོ་ལམ་སྤྱི་ལེ་800ལྷག་ཙམ་གསར་དུ་བཟོས་པ་དང་། ཐོག་བརྩེགས་ཁང་པ་4900ལྷག་ཙམ་བསྐྲུན་ཡོད།

“འདི་ལོ་ཀྲུང་གོ་རྫས་འགྱུར་བཟོ་ལས་ཚོགས་པ་སོགས་ཁ་འགྲེམས་ཀྲུང་དབྱང་ཁེ་ལས་གཞུང་དོན་སྒྲུབ་པར་བཅའ་སྡོད་བྱས་ཡོད”ཅེས་ཡའོ་ཁྲེན་ཡུས་ཀྱིས་བརྗོད། ཀྲུང་གོ་རྫས་འགྱུར་བཟོ་ལས་ཚོགས་པ་སྤྱི་ཁྱབ་པུའི་ཐོག་བརྩེགས་21པའི་གཞུང་ལས་ཁང་དུ་ཡའོ་ཁྲེན་ཡུས་ཀྱིས་2025ལོའི་འགོ་ཚུགས་ཁུལ་གྱི་རྣམ་གྲངས་རི་མོ་ཁ་ཕྱེ་ཞིང་། མཐའ་འཁོར་ལ་ལྟ་སྐབས་ཉེ་འགྲམ་གྱི་ཀྲུང་གོ་གཏེར་རྫས་ཐོན་ལས་ཚོགས་པའི་སྤྱི་ཁྱབ་པུའི་ཐོག་འགེབས་ལས་མཇུག་འགྲིལ་ཉེར་ཡོད་ཅིང་། དེ་ལྟར་སྐྲུན་བཞིན་པའི་རྣམ་གྲངས་མང་པོ་ཞིག་མིག་ལམ་དུ་འཆར་འོང་།

(པ་ཚེ་དང་བུ་ཁྲིད་ཀྱིས་སྒྱུར་ཞུས་བྱས)