གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་30ཉིན། 14:41】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་གླ་སྒུག་མཁན་གྱིས་ལམ་ཟུར་དུ་ལས་ཀ་ཧབ་ཐོབ་རྒྱག་པའི་ཟང་ཟིང་གི་རྣམ་པ་བཅོས་སྒྲིག་བྱ་ཆེད། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་སྤྱི་ཅུས་ཀྱིས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་མཉམ་འགུལ་ཞབས་ཞུའི་རྣམ་པ་བརྒྱུད། ཉིན་གླ་སྒུག་མཁན་ཚད་ལྡན་ཅན་གྱི་སྒོ་ནས་ཁྲོམ་རར་གོ་རིམ་ལྡན་པའི་ངང་ཞུགས་རྒྱུར་སྐུལ་འདེད་བཏང་ཡོད། མིག་སྔའི་བར་ཉིན་གླ་སྒུག་མཁན་110ལ་གྲངས་འཛིན་ཅན་གྱི་ལས་ཞུགས་ལས་སྟེགས་ཐོ་འགོད་བེད་སྤྱོད་བྱ་རྒྱུའི་ཁྲིད་སྟོན་བྱས་པ་དང་། མི་10ལ་རོགས་པ་བྱས་ནས་ལས་ཞུགས་བརྟན་པོ་ཐུབ་པ། དྲ་ཐོག་ལས་སྟེགས་ནས་ཉིན་རེར་ཆ་སྙོམས་འདྲི་རྟོགས་བྱེད་ཚད་མི་ཐེངས་300ལས་བརྒལ་ཡོད།
གཙོ་གནད་ས་ཁོངས་སུ་ཉིན་གླ་སྒུག་མཁན་གཅིག་འདུས་ཆེ་བའི་གནད་དོན་ལ་དམིགས་ནས། ཁྲེང་ཀོན་ཆུས་ཀྱི་ཉིན་གླ་སྒུག་མཁན་གྱི་ཁྲོམ་རར་སྐོར་སྐྱོད་དྲིལ་བསྒྲགས་རུ་ཁག་4བཙུཌ་ཏེ་ཁྲོམ་གཞུང་དུ་སྲིད་ཇུས་དྲིལ་བསྒྲགས་བྱེད་པར་བསྐྱོད་ཅིང་། སྲིད་ཇུས་དྲིལ་བསྒྲགས་ཤོག་ལྷེ་200ལྷག་ཙམ་སྤྲད་པ་དང་། ས་གནས་ས་ཐོག་ཏུ་ལས་ཞུགས་ཁྲིམས་སྲོལ་གསལ་འགྲེལ་བྱས་པ། ཉིན་གླ་སྒུག་མཁན་ལ“བོད་ལྗོངས་གྲངས་འཛིན་ཉིན་གླ་སྒུག་མཁན་གྱི་ཁྲོམ་ར”ཞེས་པའི་རྩ་གཉིས་ཨང་རྟགས་བཤེར་ནས་ཐོ་འགོད་བྱ་རྒྱུའི་མཛུབ་ཁྲིད་བྱས་པ་མ་ཟད། “ཁྲེང་ཀོན་མི་སྤྱི”ཞེས་པའི་སྐད་འཕྲིན་སྤྱི་རྟགས་ལ་དོ་ཁུར་བྱས་ནས་དུས་ཐོག་གི་ལས་གནས་ཆ་འཕྲིན་ཤེས་རྟོགས་བྱ་རྒྱུའི་མཛུབ་ཁྲིད་ཀྱང་བྱས་ཡོད། མིག་སྔར་ལས་སྟེགས་དེའི་ཁོངས་སུ་བདེ་སྲུང་དང་། གཙང་སྦྲ། གློག་ལས་སོགས་ལས་རིགས་20ལྷག་ཙམ་ཡོད་པ་དང་ལས་གནས་རིག་ནུས་སྙོམ་སྒྲིག་དང་དྲ་ཐོག་ནས་གན་རྒྱ་འཇོག་རྒྱུ་མངོན་འགྱུར་བྱུང་ཡོད།
གྲངས་འཛིན་ཅན་གྱི་ལས་སྟེགས་ལ་བརྟེན་ནས“ཡོངས་བསྒྲགས་དང་། སྙོམ་སྒྲིག གན་འཇོག”བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་ཞབས་ཞུའི་མ་ལག་བཙུགས་པས་སྤྱོད་མཁན་གྱིས་མཐའ་འཁོར་གྱི་ལས་མི་བསྡུ་བའི་དགོས་མཁོ་ལམ་སེང་ཤེས་ཀྱི་ཡོད། ལས་སྟེགས་དེ་སྤྱོད་འགོ་ཚུགས་པ་ནས་ད་བར་ཨར་པོ་བ་དང་ཞབས་ཞུ་བ་སོགས་ལས་མི་10དང་ཁེ་ལས་དབར་ལས་ཞུགས་ཀྱི་གྲོས་མཐུན་བཞག་ཡོད། གྲངས་གཞི་ལས་མངོན་པར། དྲ་ཐོག་ཞབས་ཞུར་ཉིན་རེར་ཆ་སྙོམས་འདྲི་རྟོགས་བྱེད་ཚད་མི་ཐེངས་300ཟིན་པ་དང་ལས་གནས་སྦྲེལ་མཐུད་ཀྱི་ལས་ཆོད་དེ་སྲོལ་རྒྱུན་གྱི་རྣམ་པ་ལས་60%མཐོ་རུ་ཕྱིན་ཡོད།
མིག་སྔར། ཁྲེང་ཀོན་ཆུས་ཀྱི་ཉིན་གླ་སྒུག་མཁན་གྱི་ཁྲོམ་རར“དྲ་ཐོག་རིག་ནུས་འོས་སྦྱོར་དང་དྲ་ཕྱི་གནད་འཁེལ་སྦྲེལ་མཐུད”ཀྱི་ཞབས་ཞུའི་གདུབ་ཟུམ་རྣམ་པ་ཆགས་པ་ལས་ཉིན་གླ་སྒུག་མཁན་གྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཐུབ་པ་མ་ཟད། བཟའ་བཏུང་དང་འཛུགས་སྐྲུན་སོགས་ལས་རིགས་ལ་སྐབས་བསྟུན་གྱི་ལས་མིའི་ཐོན་ཁུངས་མཁོ་འདོན་ཐུབ་ནས་སྤུས་ཚད་མཐོ་བའི་ལས་ཞུགས་ཐུབ་པར་སྐུལ་འདེད་ཐེབས་ཡོད།
(བསོད་ནམས་དཔའ་མོས་བསྒྱུར། སྤེན་ཚེས་ཞུས)