གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་30ཉིན། 14:40】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་གསར་འགོད་པར་བོད་ལྗོངས་ཀྱིས་བཀྲམ་པའི《ཕོ་བྲང་པོ་ཏ་ལའི་སྲུང་སྐྱོང་བེད་སྤྱོད་ལས་དོན་གྱི་སྤྱིའི་ཇུས་གཞི》ལས་ཤེས་རྟོགས་བྱུང་བར། འདི་ལོ་ནས་བཟུང་བོད་ལྗོངས་ཀྱིས་ཕོ་བྲང་པོ་ཏ་ལའི་སྲུང་སྐྱོང་བེད་སྤྱོད་ལས་དོན་རྒྱུན་མཐུད་སྤེལ་ཏེ་གནའ་བོའི་སྐྲུན་དངོས་ཀྱི་གཞི་མ་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། བདེ་འཇགས་འགོག་སྲུང་ལས་གྲྭ་ལག་བསྟར་བྱེད་པ། གནའ་དཔེ་སྲུང་སྐྱོབ་བེད་སྤྱོད་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་བ། སྲུང་སྐྱོང་དང་བེད་སྤྱོད་དབར་གྱི་འགལ་བ་ཐག་གཅོད་བྱེད་པ་སོགས་ཀྱི་ལས་དོན་ལ་དམིགས་ནས་སྤེལ་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱིས་འདི་ལོ་ཕོ་བྲང་པོ་ཏ་ལའི་རིག་དངོས་དང་སྐྲུན་དངོས་ལ་སྔོན་འགོག་རང་བཞིན་གྱི་སྲུང་སྐྱོང་ལས་གྲྭ་སྤེལ་འགོ་འཛུགས་རྒྱུ་ཡིན་ཞིང་། སྐྲུན་དངོས་དང་དེའི་ཞོར་གཏོགས་ཀྱི་ལྡེབས་རིས་དང་། སྐུ་བརྙན། རྡོ་རྒྱུའི་རིག་དངོས་བཅས་ཉར་ཚགས་ཀྱི་ད་ལྟའི་གནས་ཚུལ་ལ་དཔྱད་དཔོག་དང་བརྟག་དཔྱད་བྱས་ཏེ་དགོས་མཁོར་གཞིགས་ནས་དུས་ཐོག་ཏུ་སྲུང་སྐྱོང་དང་ཉམས་གསོའི་ལས་དོན་སྤེལ་རྒྱུ་ཡིན་པ་རེད། གནའ་བོའི་སྐྲུན་དངོས་ལ་ནད་དང་གནོད་འབུའི་གནོད་འཚེ་ཕོག་སླ་བའི་གནད་དོན་ལ་དམིགས་ཏེ་རྒྱལ་ཁབ་ཕྱི་ནང་གི་ནད་དང་གནོད་འབུའི་རིགས་གཅིག་མཁས་ཅན་གདན་དྲངས་ནས་ནད་དང་གནོད་འབུའི་ཞིབ་འཇུག་བྱ་གཞིར་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་གྱི་འབྲེལ་ཡོད་ལས་དོན་སྤེལ་རྒྱུ་ཡིན་པ་རེད། རིགས་པས་ཁུངས་སྐྱེལ་བྱས་འབྲས་ལ་བརྟེན་ནས་དམིགས་སའི་རང་བཞིན་གྱི་བྱེད་ཐབས་བཟོས་ཏེ་ཕོ་བྲང་པོ་ཏ་ལའི་གནའ་བོའི་སྐྲུན་དངོས་ཀྱི་ནད་དང་གནོད་འབུའི་གནོད་འཚེའི་གནད་དོན་ཐག་གཅོད་ནུས་ལྡན་བྱ་རྒྱུ་ཡིན་པ་རེད།
2025ལོ་ནས་2028ལོ་བར་བོད་ལྗོངས་ཀྱིས་ཕོ་བྲང་པོ་ཏ་ལའི་གནའ་དཔེ་སྲུང་སྐྱོང་བེད་སྤྱོད་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་ཕོ་བྲང་པོ་ཏ་ལའི་ཤིང་ཏ་ལའི་ལོ་མ་སོགས་ཀྱི་གནའ་དཔེ་དང་ཚད་ལྡན་ཡིག་ཆ་སྲུང་སྐྱོང་བེད་སྤྱོད་རྣམ་གྲངས་ལག་བསྟར་བྱ་རྒྱུ་ཡིན་པ་རེད། འབྲེལ་ཡོད་འཆར་འགོད་ལས་འགན་གཞིར་བཟུང་ཤིང་ཏ་ལའི་ལོ་མའི་དཔེ་ཆ་465དང་གནའ་དཔེ་39752སྲུང་སྐྱོང་ཉམས་གསོའི་ལས་དོན་ལེགས་སྒྲུབ་ཐུབ་རེ་ཡོད་པ་རེད།
“གྲངས་རིག་པོ་ཏ་ལའི”རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གསར་གཏོད་དཔེ་སྟོན་ཁུལ་གྱི་རྣམ་གྲངས་ལག་བསྟར་བྱས་ཤིང་། ཕོ་བྲང་པོ་ཏ་ལའི་འཛམ་གླིང་རིག་གནས་ཤུལ་བཞག་IPལ་བརྟེན་པ་དང“གྲངས་འཛིན་ཏུན་ཧོང”སོགས་འཛམ་གླིང་རིག་གནས་ཤུལ་བཞག་གྲངས་འཛིན་ཅན་འཛུགས་སྐྲུན་གྱི་འདུ་ཤེས་དཔྱད་གཞིར་བཟུང་སྟེ། ཕོ་བྲང་པོ་ཏ་ལའི་གྲངས་འཛིན་ཁང་ལྟེ་བར་བྱས་པའི“གྲངས་རིག་པོ་ཏ་ལའི”རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གསར་གཏོད་དཔེ་སྟོན་ཁུལ་བསྐྲུན་པ་རེད། གནོད་འཚེ་གྲབས་ཉར་བྱེད་སྟངས་སྤྱད་དེ་ས་ཆ་གཞན་དུ་ཕོ་བྲང་པོ་ཏ་ལའི་རིག་དངོས་སྲུང་སྐྱོང་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་རེད།
(པ་ཕན་གྱིས་བསྒྱུར། བདེ་དབང་གིས་ཞུས)