འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་30ཉིན།

ས་གནས་ཁག་གིས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ།

༄༅།།ཟབ་སྦྱོང་ལག་བསྟར་དང་དམ་པ་དོན་གཉེར་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་30ཉིན། 10:25】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཉིན་ཤས་བསྟུད་མར། ས་གནས་ཁག་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ནས་སློབ་སྦྱོང་དང་། བཤེར་འདོན། བཅོས་སྒྲིག་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། དམ་པ་དོན་གཉེར་དང་མཁྲེགས་སར་གཏུག་ཕོད་པ་བྱས་ཏེ་སློབ་སྦྱོང་ལ་སྤུས་ཚད་ཡོད་པ་དང་། བཤེར་འདོན་ལ་ཤུགས་དྲག་ལྡན་པ། བཅོས་སྒྲིག་ལ་ཕན་འབྲས་ཐོན་པ་བཅས་ཀྱི་འགན་ལེན་བྱས་ཡོད།

སློབ་སྦྱོང་གཏིང་ཟབ་བྱེད་པར་མུ་མཐུད་ཤུགས་སྣོན་བརྒྱབ་པ།

    “པར་དེ་དག་ལས་ཉེ་བའི་ལོ་ཤས་རིང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཐོབ་པའི་གྲུབ་འབྲས་མཚོན་པ་དང་ལོ་རྒྱུས་ཀྱི་གཏམ་རྒྱུད་རེ་རེ་ལས་སྤྱོད་གཙང་རིག་གནས་ཀྱི་ལོ་རྒྱུས་རིང་པོ་གསོན་ཉམས་དོད་པོས་མངོན་ཡོད”ཟླ་5ཚེས་14ཉིན། “སྲིད་གཙང་ཏང་གི་སློབ་ཚན”ཀན་སུའུ་ཞིང་ཆེན་ཏིང་ཤིས་གྲོང་ཁྱེར་སྲིད་གཙང་སློབ་གསོའི་རྟེན་གཞིར་འཚོགས་ཤིང་། ཏིང་ཤིས་གྲོང་ཁྱེར་ཐད་གཏོགས་སྡེ་ཚན་མང་པོ་ནས་ཡོང་བའི་ཏང་ཡོན་ལས་བྱེད་པ་ཞུགས་པ་དང་ཚང་མས“བསམ་བློར་སློབ་གསོ་གཏིང་ཟབ་ཐེབས་བྱུང”ཞེས་བརྗོད།

    སློབ་སྦྱོང་སློབ་གསོ་སྤེལ་ཚུན། ཏིང་ཤིས་གྲོང་ཁྱེར་གྱིས་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོད་རྒྱུ་འགོ་ནས་མཇུག་བར་ཁྱབ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཇི་མ་ཇི་བཞིན་སྦྱོང་བ་དང་། གྲོས་བསྡུར་སྤེལ་རེས་བྱས་ཏེ་སྦྱོང་བ། གསོ་སྦྱོང་ཟུར་ཁྲིད་བྱས་ཏེ་སྦྱོང་བ། ཉེན་བརྡ་གཏོང་བའི་སློབ་གསོ་སྤེལ་ནས་སྦྱོང་བ། རྒྱུན་དུ་ནས་སྦྱོང་བ་དང་ཟུང་འབྲེལ་བཅས་མཐའ་འཁྱོངས་བྱས་ཏེ་ཏང་ཡོན་ལས་བྱེད་པས་སྦྱོང་བསམ་བསྟར་རྟོགས་དང་ཞིབ་བསྡུར་ལག་བསྟར་བྱེད་པར་ཁྲིད་སྟོན་བྱས་ཡོད།

     ས་གནས་ཁག་གིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང《ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པའི་ཕན་འབྲས་དང་ཉམས་མྱོང》སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ནན་པོ་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

    ཅང་སུའུ་ཞིང་ཆེན་ཞུས་དབྱི་རྫོང་གིས་གཙོ་གནད་ཚོགས་སྤྱི་དང་ཁྱབ་ཁོངས་གལ་ཆེན་ལ་དམིགས་ཏེ་རིགས་དབྱེ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་དཔེ་ཀློག་འཛིན་གྲྭའི་བགྲོ་གླེང་བརྒྱུད་སྦྱོང་བ་དང་། ཆེད་དོན་ཟུར་ཁྲིད་རེས་སྐོར་གསོ་སྦྱོང་ཁྲོད་སྦྱོང་བ། ལས་གནས་འགན་འཁྲི་དང་ཟུང་འབྲེལ་བྱས་ནས་སྦྱོང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཟབ་སྦྱོང་མཐིལ་རྟོགས་ཐད་གཞོལ་ནས་ཕན་འབྲས་དངོས་ཐོན་པར་ཁྲིད་སྟོན་བྱས་ཡོད། མིག་སྔར། ཞུས་དབྱི་རྫོང་གིས་རིམ་རྩིས་བརྒྱབ་ན། རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་དང་། གསོ་སྦྱོང་སློབ་ཁྲིད། ཁྱིམ་སྲོལ་ཉམས་ལེན་སོགས་ཀྱི་བྱེད་སྒོ་ཐེངས་70ལྷག་ཙམ་སྤེལ་ཡོད།

བཤེར་འདོན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ།

     “སྐུ་ཁམས་བཟང་། ང་སྡོད་སའི་ཚུང་ཏན་སྲང་ལམ་གཉིས་པ་ནི་སྡེ་ཁུལ་རྙིང་པ་ཞིག་ཡིན་པས། གློག་སྒུལ་རླངས་འཁོར་གྱི་གློག་སྡོང་ཉུང་བར་བརྟེན་གློག་གསོག་དུས་སྟབས་བདེ་པོ་མི་འདུག”12345ཐད་སྦྲེལ་ཁ་པར་ཞབས་ཞུ་ཁང་དུ་པེ་ཅིང་གྲོང་ཁྱེར་གྲོང་ཤར་ཆུས་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཁ་པར་ཉན་བཞིན་གནས་ཚུལ་ཐོ་བཀོད་བྱས། ཉིན་དེའི་ཕྱི་དྲོར། འབྲེལ་ཡོད་སྡེ་ཚན་ལས་དོན་པ་ཁུལ་དེར་བསྐྱོད་ནས་གནས་ཚུལ་ཤེས་རྟོགས་བྱས་ཏེ་ཐག་གཅོད་ཀྱི་ཇུས་གཞི་བཏོན་པ་རེད།

    སློབ་སྦྱོང་སློབ་གསོ་སྤེལ་ཚུན། གྲོང་ཤར་ཆུས་ཀྱིས་སྒོ་དབྱེའི་སློབ་གསོ་དམ་འཛིན་ཡག་པོ་དང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པར་མཐོང་ཆེན་བྱས་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད། སློབ་སྦྱོང་སློབ་གསོ་སྤེལ་རིང་། གྲོང་ཤར་ཆུས་ཨུད་ཀྱི་རྒྱུན་ཨུའི་འགོ་ཁྲིད་ཚན་ཁག་གིས་ཁྱོན་བསྡོམས་གནད་དོན་ཁག་14དང་ཞིབ་ཕྲའི་སྣང་ཚུལ་ཁག་18བཤེར་འདོན་བྱས་ཡོད། གྲོང་ཤར་ཆུས་ཀྱིས་ད་དུང་རིགས་དབྱེ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལས་ཁུངས་དང་། ཁེ་ལས། བྱ་གཞག་ཚན་པ་བཅས་དང“གསར་གཉིས”ཁྱབ་ཁོངས་སོགས་རིགས་ལྔ་རྣམ་པའི་ཏང་རྩ་འཛུགས་དང་འགག་རྩའི་ལས་གནས་ཀྱི་ཏང་ཡོན་ལས་བྱེད་པ་དང་ན་གཞོན་ལས་བྱེད་པ་སོགས་ཏང་ཡོན་ཚོགས་སྤྱི་རིགས་བཞིའི་བཤེར་འདོན་གྱི་ཐབས་ལམ་དང་། བཤེར་འདོན་གྱི་གཙོ་གནད། གནད་དོན་གྱི་གསལ་ཐོ། གཅིག་སྡུད་བཅོས་སྒྲིག་གི་རྩིས་ཐོ་སོགས་ལ་བླང་བྱ་ཞིབ་ཕྲ་བཏོན་ཡོད།

     ས་གནས་ཁག་གིས་སྤྱོད་ཚུལ་ལ་ཞིབ་བཤེར་གཏིང་ཟབ་བྱས་པ་མ་ཟད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཚད་གཞི་དང་ཡང་ཡང་བསྡུར་བ་དང་། ཞིབ་བསྡུར་ཞིབ་བཤེར། ལྟ་སྐུལ་དང་ལེན། བཤེར་འདོན་གཏིང་ཟབ་བཅས་བྱས་ཡོད།

    ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་ཤའོ་ཧྲན་ཆུས་ཀྱིས་སློབ་སྦྱོང་དང་། བཤེར་འདོན། བཅོས་སྒྲིག་བཅས་མཐའ་འཁྱོངས་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་གནད་དོན་བཤེར་འདོན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། “‘འགག་རྩའི་ཉུང་ཤས’ཀྱིས་སྣེ་ཁྲིད་དང་། གཞི་རིམ་གྱི་ཁྱབ་ཁོངས་ཡོངས་ལ་ཁྱབ་པ། གཙོ་གནད་ཚོགས་སྤྱིར་དམིགས་པ”བཅས་ཀྱི་ལས་ཀའི་རྣམ་པ་བཏོད་ཡོད། ཤའོ་ཧྲན་ཆུས་ཝུན་ཡན་ཁྲོམ་གཞུང་གིས་གནད་སྨིན་དང་ཕྱོགས་གཅིག་ལ་ཤུགས་སྣོན་བརྒྱབ་སྟེ་ན་གཞོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་གནད་དོན་བཤེར་འདོན་བྱས་པ་མ་ཟད། དབང་ཆ་དང་མ་དངུལ་གཅིག་སྡུད་སོགས་འགག་རྩའི་ལས་གནས་ཀྱི་གཞོན་ནུ་ལས་བྱེད་པར་དམིགས་ནས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལས་གནས་ཀྱི་ཉེན་ཁའི་གནས་27བཏོན་ཡོད།

བཅོས་སྒྲིག་གི་ཕན་འབྲས་དམངས་ཕན་གྱི་གྲུབ་འབྲས་ལ་བསྒྱུར་བ།

     “ཧྭ་ཧའོ་ཡོན་ཁུལ་ཆུང་བརྒྱབ་ནས་ལོ་25སོང་བས་ད་ཆ་གྱང་གོག་ཧྲུལ་དུ་གྱུར་པ་སོགས་ཀྱི་གནས་ཚུལ་འདུག”ཉེ་ཆར་ཧྲང་ཧའེ་གྲོང་ཁྱེར་ཧོང་ཕུའུ་ཆུས་ཀྱིས་བཀོད་སྒྲིག་བྱས་ནས་སྤེལ་བའི་ཆེད་དོན་བྱ་སྤྱོད་ཁྲོད། གྲོང་མི་ལ་ལས་པན་སུང་ཡོན་ལམ་ཁྲོམ་གཞུང་གི་ལས་དོན་པར་སྡོད་ཁང་གི་ཉེན་ཁའི་གནས་ཚུལ་ཞུས། ཁྲོམ་གཞུང་ལས་དོན་པས་ས་གནས་ས་ཐོག་ཏུ་རྩད་ཞིབ་དང་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་པ་མ་ཟད། རིགས་གཅིག་མཁས་ཅན་ལ་ཇུས་འདྲི་དང་ཇུས་གཞིར་བཟོ་བཅོས་བརྒྱབ་རྗེས་ཁང་པའི་གྱང་ཉམས་བཟོ་བྱ་རྒྱུའི་ཇུས་གཞི་བཏོན།

    ཁུལ་ཆུང་རྙིང་པའི་སྡོད་ཁང་ཉམས་གསོའི་དཀའ་གནད་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཐག་གཅོད་བྱས་པ་དང་། ཁྲིམས་བཞིན་ཁུལ་ཆུང་གི“བེད་མེད་རླངས་འཁོར”གཙང་སེལ་བྱས་པ། སྤྱི་པའི་རླངས་འཁོར་འཇོག་ས་མང་དུ་བཏང་བ་སོགས་སློབ་སྦྱོང་སློབ་གསོ་སྤེལ་ཚུན་ཧྲང་ཧའེ་གྲོང་ཁྱེར་ཧོང་ཕུའུ་ཆུས་ཀྱིས་ཁུལ་ཆུང་སྡེ་ལས་9ཡི་བཅོས་སྒྲིག་གི་དཀའ་གནད་ཐག་གཅོད་བྱས་པ་མ་ཟད། ལྷག་པར་དུ་ཞུ་གཏུག་གཅིག་སྡུད་ཀྱི་ཁུལ་ཆུང་ལ་དམིགས་ནས“འགལ་ཟླའི་གསལ་ཐོ”18བཟོས་པ་དང་ཞབས་ཞུ་ལེགས་གཏོང་དང་ཕན་ནུས་ཆེར་གཏོང་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་མང་ཚོགས་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།

     ས་གནས་ཁག་གིས་བཤེར་འདོན་བྱས་ཏེ་ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ནས་ཤེས་རྟོགས་བྱུང་མ་ཐག་བཅོས་སྒྲིག་དང་འཕྲལ་མར་ལག་བསྟར་དང་འཕྲལ་དུ་བཅོས་སྒྲིག་བཅས་བྱས་ནས་སློབ་སྦྱོང་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་ལག་བསྟར་བྱས་ཏེ་ཕན་འབྲས་ཐོན་པ་བྱས་པ་མ་ཟད། བཅོས་སྒྲིག་གི་ཕན་འབྲས་དམངས་ཕན་གྱི་གྲུབ་འབྲས་ལ་བསྒྱུར་ཡོད།

     བོད་རང་སྐྱོང་ལྗོངས་མེ་ཏོག་རྫོང་གི་རིམ་ཁག་ཏང་ཡོན་ལས་བྱེད་པ་ཚོས་གསལ་ཐོ་དང་ཡང་ཡང་བསྡུར་ནས་གནད་དོན་བཤེར་འདོན་གཏིང་ཟབ་དང་ཕྱོགས་བསྡུས་དབྱེ་ཞིབ་དང་ཞིབ་འཇུག་བརྡར་དཔྱོད་དང་ཟུང་འབྲེལ་བྱས་ཏེ་བཅོས་སྒྲིག་གི་བྱེད་ཐབས་རིམ་གྱིས་བཟོས་ཡོད། མེ་ཏོག་རྫོང་གིས་དྲ་ཐོག་ལས་སྟེགས་བརྒྱུད། མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་ཉན་པ་མ་ཟད། “གཞི་རིམ་དུ་སླེབས་པ་བཞིའི”ལམ་ལུགས་དོན་འཁྱོལ་ནན་པོ་དང་། ཐོན་ཁུངས་དང་སྟོབས་ཤུགས་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་གཏོང་བ། འགག་གནད་དང་དཀའ་གནད་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མང་ཚོགས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་གསར་པ་ཚོར་བར་བྱས་ཡོད།