གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་30ཉིན། 10:23】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
སྤོ་ལོ་དཀྱིལ་ཐིག་གྲོལ་མ་ཐག་བུ་དེས་ཕ་རོལ་གྱི་སྒོ་སྲུང་པས་གྲ་སྒྲིག་ཡག་པོ་མ་བྱུང་བ་དང་བསྟུན་ནས་འཕྲལ་དུ་སྤོ་ལོ་སྒོའི་ནང་བླུགས། ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་ཀྲོའུ་ལྷོ་ནུབ་པུའུ་དབྱི་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་ཕུའུ་ཨན་རྫོང་དུ་སློབ་གྲྭའི་རྐང་རྩེད་སྤོ་ལོའི་རིམ་གསུམ་མཉམ་འགྲན་གྱི་སྐབས་བཞི་པའི་མཐའ་བསྡུར་གྱི་དམའ་རིམ་སློབ་འབྲིང་གི་བུའི་ཚོགས་ཆུང་གི་འགྲན་བསྡུར་ཁྲོད། ཕུའུ་ཨན་རྫོང་སི་ཡོན་ཚོད་ལྟའི་སློབ་གྲྭའི་དམའ་རིམ་སློབ་འབྲིང་གཉིས་པའི་སློབ་མ་དབྱང་ཆི་ལུང་གིས་སྤོ་ལོ་བླུགས་པ་དང་བསྟུན་ནས་ཁོང་ཚོའི་རུ་ཁག་ལ་ཨང་དང་པོ་ཐོབ།
འགྲན་རའི་ཕྱིར་ཕོ་གཞོན་ཞིག་འགྲན་བསྡུར་ལ་དབྱིངས་ཚུད་བཞིན་ཡོད། དབྱང་ཆི་ལུང་གིས་སྤོ་ལོ་བླུགས་རིམ་བཞིན་ཕོ་གཞོན་དེས་དགའ་འབོད་བྱེད་ཅིང་། ཕོ་གཞོན་དེའི་མིང་ལ་ཤའོ་ཤོན་ཟེར་བ་དང་སློབ་གྲྭ་འདིའི་སློབ་ཆུང་པུའུ་ཡི་ལུས་རྩལ་དགེ་རྒན་རེད།
2020ལོའི་ཟླ་9པར། ཤའོ་ཤོན་ཀུའེ་ཀྲོའུ་མི་རིགས་སློབ་ཆེན་ལུས་རྩལ་སློབ་གསོའི་ཆེད་ལས་ནས་མཐར་ཕྱིན་ཏེ་ཕུའུ་ཨན་རྫོང་ཤིན་ཀྲུང་གྲོང་རྡལ་ལཱ་ཙི་ཧྲུའུ་སློབ་ཆུང་གི་དམིགས་བསལ་ལས་གནས་ཀྱི་དགེ་རྒན་ཞིག་ཏུ་གྱུར།
ཤའོ་ཤོན་གྱིས་སློབ་གྲྭ་ཡོངས་ཀྱི་འཛིན་གྲྭ་དྲུག་ལ་ལུས་རྩལ་སློབ་ཚན་ཁྲིད་ཅིང་། ཁོང་གི་ཆེད་ལས་ནི་རྐང་རྩེད་སྤོ་ལོ་ཡིན་པས། ཕྲུ་གུ་ཚོར་རྐང་རྩེད་སྤོ་ལོ་རྒྱག་སྟངས་ཡག་པོ་ཞིག་སློབ་རྒྱུའི་སེམས་ཐག་བཅད། དེ་ལྟར་ཁོང་གིས་རང་ཉིད་ཀྱི་དངུལ་བཏང་ནས་རྐང་རྩེད་སྤོ་ལོ་སོགས་ཡོ་བྱད་ཉོས་པའི་ཐོག གྲོགས་པོས་བསྐྱལ་བའི་སྤོ་ལོའི་སྒོ་རྙིང་པ་སྤྱད་དེ་ལན་ཆིའུ་སྤོ་ལོའི་ཐང་དུ་ཕྲུ་གུ་ཚོར་རྐང་རྩེད་སྤོ་ལོའི་སློབ་ཚན་ཁྲིད། སློབ་ཚན་གསར་པ་དེར་སློབ་མ་ཚོའི་དགའ་བསུ་ཐོབ་པ་མ་ཟད། ཕྲུ་གུ་མི་ཉུང་བ་ཞིག་རྐང་རྩེད་སྤོ་ལོ་རྒྱག་པའི་སྤྲོ་སྣང་འཕེལ།
ཕྲུ་གུ་ཚོའི་སྤོ་ལོ་རྒྱག་སྟངས་ལ་ཟླ་བ་གཉིས་ཙམ་བལྟས་རྗེས། ཤའོ་ཤོན་གྱིས་རྨང་གཞི་ལེགས་པའི་སློབ་མ་ཁག་གཅིག་བདམས་ནས་སློབ་གྲྭའི་རྐང་རྩེད་སྤོ་ལོའི་རུ་ཁག་བཙུགས་པ་དང་། སློབ་གསེང་དང་། ལུས་རྩལ་སློབ་ཚན། སློབ་གྲྭ་གྲོལ་རྗེས་ཀྱི་དུས་ཚོད་བཅས་སྤྱད་དེ་སྦྱོང་བརྡར་སྤྲས།
དབྱང་ཆི་ལུང་ནི་ཤའོ་ཤོན་གྱིས་རྐང་རྩེད་སྤོ་ལོའི་རུ་ཁག་འཛུགས་སྐབས་ཀྱི་རུ་མི་ཁག་དང་པོའི་གྲས་ཡིན། སྐབས་དེ་དུས་དབྱང་ཆི་ལུང་ལཱ་ཙི་ཧྲུའུ་སློབ་ཆུང་གི་ལོ་རིམ་བཞི་པ་འགྲིམ་བཞིན་ཡོད། ཕ་མ་ཡུལ་གཞན་དུ་གླ་པ་བྱེད་པ་དང་སྤོ་བོས་ཁོང་དང་གཅུང་མོར་ལྟ་སྐྱོང་བྱེད་ཀྱི་ཡོད། བུ་དེ་སྤོ་ལོའི་རུ་ཁག་ལ་ཞུགས་པ་ནས་བཟུང་སློབ་སྦྱོང་བྱེད་པའི་ཞོར་ལ་རྐང་རྩེད་སྤོ་ལོ་བརྒྱབ་པས་ཡུལ་པོའི་སྣང་བ་རྦད་དེ་ཡལ།
ཆ་རྐྱེན་སྐྱོ་ཙམ་ཡོད་མོད། འོན་ཀྱང་ཤའོ་ཤོན་གྱི་སློབ་ཁྲིད་ཞིབ་ཚགས་འོག་ཕྲུ་གུ་ཚོའི་སྤོ་ལོ་རྒྱག་རྩལ་ལ་ཡར་རྒྱས་བྱུང་། 2021ལོར་ཕུའུ་ཨན་རྫོང་གིས་སློབ་གྲྭའི་རྐང་རྩེད་སྤོ་ལོ་ཁྱབ་གདལ་དང་འཕེལ་རྒྱས་གཏོང་འགོ་བརྩམས་པ་མ་ཟད། རྫོང་ཡོངས་ཀྱི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་སྐབས་དང་པོ་གཉེར་བས། ལཱ་ཙི་ཧྲུའུ་སློབ་ཆུང་གི་རྐང་རྩེད་སྤོ་ལོའི་རུ་ཁག་ལ་རང་ཉིད་ཀྱི་འཇོན་ཐང་ངོམས་པའི་གོ་སྐབས་ཐོབ། ཐེངས་འདིའི་འགྲན་བསྡུར་ཁྲོད། ཕྲུ་གུ་ཚོས་འགྲན་བསྡུར་ཧུར་ཐག་བྱས་མཐར་སློབ་ཆུང་གི་བུའི་Aཚོགས་ཆུང་གི་ཨང་དང་པོ་བླངས།
ལོ་ཤས་རིང་། ཕུའུ་ཨན་རྫོང་གིས་སློབ་གྲྭའི་རྐང་རྩེད་སྤོ་ལོའི་ལུས་རྩལ་ལ་མུ་མཐུད་སྐུལ་འདེད་བཏང་བར་བརྟེན་ལཱ་ཙི་ཧྲུའུ་སློབ་ཆུང་གིས་རྐང་རྩེད་སྤོ་ལོའི་ཐང་གསར་པ་བསྐྲུན་པར་ཕྲུ་གུ་ཚོའི་སྦྱོང་བརྡར་ཁོར་ཡུག་ལེགས་སུ་ཕྱིན་པ་མ་ཟད། འགྲན་བསྡུར་མང་པོའི་ནང་གྲུབ་འབྲས་ཀྱང་ཡག་པོ་ཐོབ་ཡོད།
ད་ཆ་ཀུའེ་ཀྲོའུ་ཡིས་སློབ་གྲྭའི་རིམ་པ་དང་། རྫོང་རིམ་པ། གྲོང་ཁྱེར་རིམ་པ། ཞིང་ཆེན་རིམ་པ་བཅས་དང་སློབ་ཆུང་དང་། དམའ་རིམ་སློབ་འབྲིང་། མཐོ་རིམ་སློབ་འབྲིང་། སློབ་ཆེན་བཅས་ཀྱི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་རིམ་བཞིའི་མཉམ་འགྲན་ལམ་སྲོལ་བཙུགས་ཡོད། ཞིང་ཆེན་ཡོངས་ཀྱིས་སློབ་གྲྭའི་རྐང་རྩེད་སྤོ་ལོའི་ཁྱད་ལྡན་སློབ་གྲྭ་1143བསྐྲུན་པ་དང་། རྐང་རྩེད་སྤོ་ལོའི་དགེ་རྒན་1200ལྷག་ཙམ་གསོ་སྦྱོང་བྱས་པ། རིམ་ཁག་སློབ་གྲྭའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལ་ཞུགས་མཁན་སློབ་མ་མི་ཐེངས་ཁྲི་100ལྷག་ཙམ་ཟིན་པ་བཅས“སློབ་གྲྭ་ཚང་མ་ཞུགས་པ་དང་། རིམ་པ་བཞིན་འདེམས་པ། ཞིང་ཆེན་ཡོངས་མཉམ་འགྲན”བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་ཡོད།