གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་30ཉིན། 10:22】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་27ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་ཆེད་མངགས་བརྡ་ཐོ་བཀྲམ་ནས“དྲ་ཐོག་རྩད་གཅོད”ཁྱབ་སྤེལ་ལ་བཀག་འགོག་བྱེད་པ་དང་། སྔོན་ཚུད་ཉེན་བརྡའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཆད་པ་གཅོད་ཤུགས་ཆེ་རུ་གཏོང་བ། སྲུང་སྐྱོང་བྱ་ཐབས་ལེགས་སུ་གཏོང་བ། དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་སོགས་ཕྱོགས་མང་པོའི་ཐད་ནས་ལས་ཀའི་བླང་བྱ་ཁ་གསལ་བཟོས་ཏེ། ས་གནས་ཁག་གི་དྲ་འཕྲིན་སྡེ་ཚན་དང་དྲ་ཚུགས་ལས་སྟེགས་ཁག་ལ“དྲ་ཐོག་རྩད་གཅོད”ཀྱི་གནད་དོན་བཅོས་སྒྲིག་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་པའི་སྐུལ་ལྕག་བྱས་པ་རེད།
“དྲ་ཐོག་རྩད་གཅོད”ནི་མི་གཞན་གྱི་གསང་དོན་ཆ་འཕྲིན་ཁྲིམས་འགལ་ངང་འཚོལ་བཤེར་དང་རག་ཐབས་བྱས་ནས་དྲ་ཐོག་ཏུ་ཁྱབ་བསྒྲགས་བྱེད་པའི་གཏུམ་སྤྱོད་ཅིག་རེད། “དྲ་ཐོག་རྩད་གཅོད་བྱེད་མཁན”གྱིས་དུས་གཅིག་ཏུ་དྲ་དམངས་ལ“དྲ་ཐོག་རྩད་གཅོད་བྱ་ཡུལ”ལ་བརྙས་བཅོས་དང་། འཕྱ་སྨོད། དམའ་འབེབས་བཅས་བྱེད་པའི་ངན་སྐུལ་བྱེད་ཀྱི་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ཉེ་ཆར། དྲ་འཕྲིན་སྡེ་ཚན་གྱིས་འགན་འཁྲི་དང་ཟུང་འབྲེལ་བྱས་ཏེ་བཅོས་སྒྲིག་ལས་དོན་གཏིང་ཟབ་སྤེལ་ནས། “དྲ་ཐོག་རྩད་གཅོད”དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་སྒྲིག་འགལ་གྱི་ཆ་འཕྲིན་སྣ་ཚོགས་ཕྱོགས་ཡོངས་ནས་གཙང་བཤེར་དང་། འབྲེལ་ཡོད་ནང་དོན་ཁྱབ་སྤེལ་བྱེད་མཁན་གྱི་དྲ་རྒྱའི་ཨང་རྟགས་དང་གྲོགས་ཚོགས་ཐག་གཅོད་ནན་པོ་བྱེད་པ། ཁྲིམས་བཞིན་གོ་རིམ་ལྟར་དྲ་ཚུགས་ལས་སྟེགས་ཆེ་གྲས་3ལ་ཆད་པ་གཅོད་པ། གཙོ་གནད་དྲ་ཚུགས་ལས་སྟེགས་སྒྲིག་འཛུགས་བྱས་ནས་དུས་བཀག་བཞིན་བཅོས་སྒྲིག་གི་ནང་དོན་སྤྱི་བསྒྲགས་དང་དཔེ་མཚོན་གྱོད་དཔེ་ཁྱབ་བསྒྲགས་བཅས་བྱས་པ་དང་སྦྲགས། སྤྱི་བདེ་ལས་ཁུངས་ལ་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་བརྡ་ཁྱབ་བཏང་བ་རེད།
ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས“དྲ་ཐོག་རྩད་གཅོད”སོགས་ཀྱི་བྱ་ཐབས་སྤྱད་དེ། མི་གཞན་གྱི་ཆ་འཕྲིན་ཁྲིམས་འགལ་ངང་རག་ཐབས་དང་ཡོངས་བསྒྲགས་བྱས་པ་དེར་ཁྲིམས་འགལ་ཉེས་གསོག་གི་དོགས་པ་ཡོད་པས་ངོ་བོ་ཧ་ཅང་ངན་པོ་རེད། གོམ་སྟབས་རྗེས་མར། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་རྡུང་རྡེག་ནན་པོ་དང་སྲུང་སྐྱོང་ཡག་པོ་གལ་ཆེ་མཉམ་འཛིན་མུ་མཐུད་མཐའ་འཁྱོངས་བྱས་ཏེ། “དྲ་ཐོག་རྩད་གཅོད”ཀྱི་གནད་དོན་བཅོས་སྒྲིག་ལས་དོན་ཧུར་ཐག་བསྒྲུབ་རྒྱུ་སྟེ། གཅིག་ནས་ཁྱབ་སྤེལ་ཐབས་ལམ་ནུས་ཤུགས་ཡོད་རྒུས་འགོག་པ་དང་། གཉིས་ནས་སྲུང་སྐྱོང་བྱ་ཐབས་རིམ་པ་སྤོར་བ་དང་འཐུས་སྒོ་ཚང་དུ་གཏོང་བ། གསུམ་ནས་རྡུང་རྡེག་གཏོང་བ་དང་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།