གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་30ཉིན། 10:21】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་27ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་བ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས་1.4%འཕར་བ་དང་། ཟླ་བ་དང་པོ་ནས་གསུམ་པའི་བར་དང་བསྡུར་ན་བརྒྱ་ཆའི་གྲངས་0.6མགྱོགས་སུ་ཕྱིན་ནས་འཕེལ་ཕྱོགས་བཟང་པོ་རྒྱུན་མཐུད་སླར་གསོ་ཐུབ་ཡོད། སྒྲིག་བཀོད་བཟོ་སྐྲུན་ལས་རིགས་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་མཚོན་བྱེད་དུ་བྱས་པའི་སྒུལ་ནུས་གསར་པའི་ལས་རིགས་ཀྱི་ཁེ་སྤོགས་ཅུང་མགྱོགས་པོ་འཕར་ནས། བཟོ་ལས་དཔལ་འབྱོར་འཕེལ་རྒྱས་ཀྱི་མཉེན་གཤིས་མངོན་ཡོད།
ཟླ་བ་དང་པོ་ནས་བཞི་པའི་བར་སྒྲིག་བཀོད་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་11.2%འཕར་བ་དང་། ཟླ་དང་པོ་ནས་གསུམ་པའི་བར་དང་བསྡུར་ན་བརྒྱ་ཆའི་གྲངས་4.8མགྱོགས་སུ་ཕྱིན་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཁེ་སྤོགས་ཚང་མ་བརྒྱ་ཆའི་གྲངས་3.6འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད། ལས་རིགས་ཀྱི་ངོས་ནས་བལྟས་ན། སྒྲིག་བཀོད་བཟོ་སྐྲུན་ལས་རིགས་ཀྱི་ལས་རིགས་ཁག་8ཀྱི་ཁྲོད་ལས་རིགས་ཁག་7གྱི་ཁེ་སྤོགས་གྲངས་གནས་གཉིས་འཕར་བ་དང་ལས་རིགས་ཁག་6ཟླ་དང་པོ་ནས་གསུམ་པའི་བར་དང་བསྡུར་ན་འཕར་ཚད་མགྱོགས་སུ་ཕྱིན་ཡོད།
ཟླ་དང་པོ་ནས་བཞི་པའི་བར་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་9.0%འཕར་བ་དེ་ཟླ་དང་པོ་ནས་གསུམ་པའི་བར་དང་བསྡུར་ན་བརྒྱ་ཆའི་གྲངས་5.5མགྱོགས་སུ་ཕྱིན་ཡོད། “མིས་བཟོས་རིག་ནུས+”བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་གློག་འདྲེན་ཕྱེད་གཟུགས་ལྷུ་ལག་ཆེད་སྤྱོད་ཀྱི་སྒྲིག་ཆས་བཟོ་སྐྲུན་དང་། གློག་རྡུལ་གློག་ལམ་བཟོ་སྐྲུན། འདུས་གྲུབ་གློག་ལམ་བཟོ་སྐྲུན་སོགས་ལས་རིགས་ཀྱི་ཁེ་སྤོགས་105.1%དང་། 43.1% 42.2%སོ་སོར་འཕར་ཡོད།